ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

འཛིན་གྲྭའི་ཀྲུའུ་རེན་གྱིས་ངེས་པར་ཡིད་གཟབ་བྱ་དགོས་པའི་གནད་དོན་བཞི་གླེང་བ།

སྤེལ་དུས 2019-10-28 ཡོང་ཁུངས། བོད་ལྗོངས་སློབ་གསོ། རྩོམ་པ་པོ། བསོད་ནམས་དོན་གྲུབ།
       ནང་དོན་གནད་བསྡུས། དཔྱད་རྩོམ་འདིའི་ནང་དུ་འཛིན་གྲྭའི་ཀྲུའུ་རེན་ཞིག་ཡིན་ཕྱིན་རང་གི་བྱ་སྤྱོད་གཏམ་གྱི་ཐད་ཡིད་གཟབ་གང་འདྲ་གནང་དགོས་པ་དང་། སྒོ་གསུམ་གྱི་ཡོན་ཏན་ལྡན་དགོས་པའི་བླང་བྱ་འགའ་གཙོ་བོར་གླེང་འདུག
      བརྡ་ཆད་གཙོ་བོ། འཛིན་བདག སློབ་མ། བསླབ་བྱའི་ཚིག བྱམས་སྙིང་རྗེ།
      [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]G635.1[ཡིག་ཚང་མཚོན་བྱང་།][རྩོམ་གྱི་གོ་རིམ་ཨང་སྒྲིག]1004-5899(2018)01 -50-04  
       འཛིན་གྲྭ་ནི་སློབ་གྲྭའི་ཆེས་དམའ་རིམ་གྱི་མཉམ་སྡེབ་དེ་ཡིན་པ་དང་། འཛིན་གྲྭའི་ཀྲུའུ་རེན་ནི་སློབ་གྲྭའི་ལས་སྒྲུབ་གོ་གནས་ཁྲོད་ཀྱི་གོ་གནས་ཆེས་དམའ་ཤོས་དེ་ཡིན། ནམ་རྒྱུན་སློབ་གྲྭའི་ལས་དོན་ཁག་སྒྲུབ་པའི་བརྒྱུད་རིམ་ནང་འགོ་ཁྲིད་དང་དགེ་རྒན་སུ་ཞིག་སླེབས་མེད་ན་ཆོག་མོད་ཀྱང་།འཛིན་གྲྭའི་ཀྲུའུ་རེན་མེད་ན་འགྲིག་ཐབས་གཏན་ནས་མེད། དེར་བརྟེན། འཛིན་གྲྭའི་ཀྲུའུ་རེན་ནི་འཛིན་གྲྭ་གང་དེའི་སློབ་མ་ཚོའི་འགོ་འདོན་འཚོ་སྐྱོང་བྱེད་མཁན་གྱི་ཕ་མ་དང་འདྲ་ཞིང་འཛིན་གྲྭའི་ཀྲུའུ་རེན་གྱི་ལས་ཀ་ནི་སློབ་གྲྭ་ཁྱོན་ཡོངས་ཀྱི་ལས་ཀའི་ཁྲོད་དུ་མེད་ཐབས་མེད་པའི་གལ་ཆེའི་གོ་ནུས་བཟུང་ཡོད་པ་གསལ་བཤད་ཐུབ། འོན་ཏེ། ལས་ཀ་དེ་རྟག་ཏུ་དཀའ་ཚེགས་ཆེ་ལ་རྙོག་འཛིང་ཆེན་པོ་ལྡན་པའི་རྐྱེན་གྱིས་དེའི་གོ་མིང་འཛིན་པའི་དགེ་རྒན་ཞིག་ཡིན་ཕྱིན། ངང་རྒྱུད་རིང་པོ་དང་བཟོད་བསྲན་ཚུགས་པ་ཞིག་ངེས་པར་དགོས་པ་མ་ཟད། ད་དུང་སློབ་གསོའི་ཐབས་ལམ་ལེགས་པོ་དང་སློབ་མར་བྱམས་དང་སྙིང་རྗེའི་བརྩེ་བ་ཟབ་མོ་དེ་ངེས་པར་དུ་ལྡན་དགོས། རྒྱུ་མཚན་ནི་སློབ་གསོའི་རྩ་བའི་སྙིང་པོ་ཡང་རང་དཔེ་གཞན་སྟོན་དང་བྱམས་དང་བརྩེ་བར་ཐུག་ཡོད། འོ་ན་འཛིན་གྲྭའི་ཀྲུའུ་རེན་གྱིས་ཇི་ལྟར་བྱས་ན་ད་གཟོད་སློབ་མར་སློབ་གསོའི་ཕན་འབྲས་ཆེ་བ་ཐོན་ཐུབ་པའི་སྐོར་ལ་ཅུང་ཟད་གླེང་བར་བྱ་སྟེ།   
      དང་པོ། འཛིན་གྲྭའི་ཀྲུའུ་རེན་གྱི་བྱ་སྤྱོད་ཐོག་ནས་སློབ་མར་མིག་དཔེ་སྟོན་ཐུབ་པ་བ་དགོས།   
      དེ་ཡང་འཛིན་གྲྭའི་ཀྲུའུ་རེན་ནི་སློབ་ཕྲུག་རྣམས་འཚར་ལོངས་བྱེད་པའི་ཁོར་ཡུག་ཁྲོད་དུ་འབྲེལ་འདྲིས་ཆེ་ཤོས་ཀྱི་མི་ཞིག་ཡིན་ཞིང་། རྒྱུན་གཏན་སློབ་གསོ་སློབ་ཁྲིད་ཀྱི་ལས་ཀའི་ཁྲོད་དུ་འཛིན་གྲྭའི་ཀྲུའུ་རེན་གྱི་བྱ་སྤྱོད་གཏམ་གླེང་ཕྱོགས་གང་ས་ནས་སློབ་ཕྲུག་རྣམས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཀྱི་ཡོད། བཤེས་གཉེན་གྱི་མཚན་ཉིད་དུ《མདོ་སྡེའི་རྒྱན》 ལས། “བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། ། ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག ། དེ་ཉིད་རབ་ཏུ་རྟོགས་ལ་སྨྲ་མཁས་ལྡན།  །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན”①ཞེས་གསུངས་པ་བཞིན་དགེ་རྒན་ཞིག་ཡིན་ཕྱིན། དང་ཐོག་རང་རྒྱུད་ཀྱི་སེམས་རྒྱུད་དང་སྤྱོད་ཚུལ་ཞི་ཞིང་དུལ་བ་མ་ཟད། རིག་གནས་ཤེས་བྱའི་གནས་ལ་སྐྱེ་བོ་གཞན་ལས་ཁྱད་དུ་འཕགས་པ། ད་དུང་། རིག་གནས་ཤེས་བྱའི་གནས་ལ་ལྟ་རྒྱ་དང་མཐོང་རྒྱ་ཆེ་ཞིང་སློབ་ཁྲིད་ཐབས་ལམ་ལ་མཁས་པ། རང་འགན་ལས་ལ་བརྩོན་པ་ཆེ་ཞིང་སློབ་མར་བྱམས་སྙིང་རྗེའི་བརྩེ་བ་ཟབ་མོ་ལྡན་པ། སློབ་གསོའི་ལས་ལ་སྐྱོ་སྣང་མེད་པར་དགའ་ཞེན་ཆེན་པོས་འཇུག་དགོས་པ་སོགས་ཀྱིས་བཤེས་གཉེན་གྱི་ཕྱི་ནང་ཀུན་སྤྱོད་མཚོན་ཡོད། དེ་བས་ཀྱང་འཛིན་གྲྭའི་ཀྲུའུ་རེན་ཞིག་ཡིན་ཕྱིན་དུས་རྒྱུན་དུ་སློབ་གསོ་སློབ་ཁྲིད་ཀྱི་ལས་ཀའི་ཁྲོད་དུ་སྔོན་བྱོན་མཁས་པས་གསུངས་པའི་མཚན་ཉིད་ལྟར་དོན་ཐོག་ཏུ་འཁྱོལ་ཐུབ་པ་གནང་རྒྱུ་གལ་ཆེ། འོན་ཏེ། འཛིན་གྲྭའི་ཀྲུའུ་རེན་ལ་ལས་སློབ་མར་གྲོན་ཆུང་བསྲི་ཚགས་བྱ་དགོས་པ་དང་བག་མེད་ལོངས་སྤྱོད་བྱ་མི་རུང་བ། བརྩོན་འགྲུས་ཅན་ཞིག་བྱ་དགོས་པ། མགོ་སྐྲ་རིང་པོ་དང་། དམར་སེར་གྱི་ཚོན་མདོག་ཏུ་བསྒྱུར་མི་རུང་བ་སོགས་ཀྱི་བཀའ་སློབ་གནང་ཀི་ཡོད་ཀྱང་སློབ་གསོ་གཏོང་བ་པོ་རང་ཉིད་ཀྱི་འཚོ་བ་བག་མེད་ལོངས་སྤྱོད་བྱེད་ཅིང་། དབུ་སྐྲ་རིང་ལ་ཚོས་གཞི་བསྒྱུར་བ། གྱོན་པར་གཙང་སྦྲ་མི་ལྡན་པ། སྦྱང་གཞི་དུས་ཐོག་ཏུ་བཟོ་བཅོས་མི་གནང་བར་ཉིན་འགྱངས་ཞག་འབུད་གནང་སྟེ་ཞུགས་ཀྱི་ཡོད་པས། འཛིན་གྲྭའི་ཀྲུའུ་རེན་གྱི་བྱ་སྤྱོད་དང་གནང་ཚུལ་དེ་རིགས་ལ་སློབ་མའི་སེམས་སུ་མོས་གུས་ཉམས་ཏེ་འཛིན་གྲྭའི་ཀྲུའུ་རེན་གྱིས་གསུངས་པའི་བཀའ་སློབ་དེར་ནུས་པ་ཆེན་པོ་ཐོན་ཐུབ་ཀྱི་མེད། དེའི་ཕྱིར་ཐོག་མར་འཛིན་གྲྭའི་ཀྲུའུ་རེན་ཚོས་རང་ཉིད་ཀྱི་བྱ་སྤྱོད་ལ་ཡིད་གཟབ་དང་རང་དཔེ་གཞན་སྟོན་གྱི་ནུས་པ་ཐོན་ཐུབ་པ་བ་དགོས།   
      གཉིས་པ། འཛིན་གྲྭའི་ཀྲུའུ་རེན་གྱི་གཏམ་གླེང་ཐད་ཡིད་གཟབ་གནང་དགོས།   
      རྣམ་ཀུན་འཛིན་གྲྭའི་ཀྲུའུ་རེན་ལ་ལས་སློབ་ཕྲུག་གི་ནོར་འཁྲུལ་མཐོང་སྐབས་ཁོང་ཁྲོ་ཆེན་པོས་རང་ཉིད་ཀྱི་གཏམ་གྱི་ཚིག་ལ་དོ་སྣང་ཅི་ཡང་མི་གནང་བར་ཀྭས་དང་། སྨས། ལྐུགས་པ། ཟ་འདྲེ། བོང་བུ་ལ་སོགས་ཀྱི་ཚིག་ངན་ངག་ནས་གང་ཐོན་གྱིས་བཀའ་བཀྱོན་གནང་བས་རང་རྒྱུད་ཀྱི་ཞི་དུལ་གཤིས་རྒྱུད་མངོན་མེད་པ་མ་ཟད། སློབ་མའི་རང་བརྩིའི་བསམ་པར་ཕོག་ཐུག་ཆེན་པོ་ཐེབས་ནས་དགེ་རྒན་ལ་དགའ་ཞེན་གྱི་དད་པ་ཆུང་དུ་འགྲོ་བ་དང་། དགེ་རྒན་ལ་བརྩི་འཇོག་བྱེད་པའི་མོས་གུས་ཉམས་འགྲོ་ཡི་ཡོད། དེ་བས་དམའ་རིམ་སློབ་འབྲིང་གི་སློབ་མ་རྣམས་ནི་གཞོན་ནུའི་དུས་སྐབས་སུ་གོམ་པ་སྤོ་འགོ་ཚུགས་མ་ཐག་ཡིན་ཞིང་། ཁོང་ཚོའི་ལུས་ཐོག་ཏུ་མ་གཞི་བྱིས་པའི་ལང་ཤོར་གྱི་སྤྱོད་ཚུལ་ངན་པ་དང་། གཏམ་གྱི་ཚིག་ངན་པ་མང་པོ་ཞིག་གནས་ཡོད་ཀྱང་། ད་དུང་། ཁོང་ཚོར་རང་བརྩིའི་བསམ་པ་ཡང་ཤུགས་ཆེན་ལྡན་ཡོད། དེར་བརྟེན། འཛིན་གྲྭའི་ཀྲུའུ་རེན་ཚོས་སློབ་མར་དོ་དམ་དང་སློབ་གསོའི་ཐད་ཐབས་མཁས་ཀྱི་བྱེད་ཐབས་སྤྱད་དེ། ཁོང་ཚོའི་ལྷད་མེད་དྭངས་གཙང་གི་སེམས་སུ་ནག་ནོག་གི་ཤུགས་རྐྱེན་མི་ཐེབས་པ་གནང་དགོས།  《བོད་ཀྱི་གཏམ་དཔེ་ཕྱོགས་བསྒྲིགས》ལས “ཆོས་མི་ལ་ཤོད་པར། རང་ཉིད་སྡོམ་པ་གཙང་དགོས”②ཞེས་པའི་དཔེ་ལྟར་ཕྱིན་ཆད་སློབ་གསོ་སློབ་ཁྲིད་ཀྱི་ལས་ཀའི་ཁྲོད་དུ་འཛིན་གྲྭའི་ཀྲུའུ་རེན་ཆོས་རང་གི་གཏམ་དང་། བྱ་སྤྱོད་གང་ཅིར་ཡིད་གཟབ་གནང་དགོས་ཤིང་། གལ་འགངས་ཆེ་ཤོས་ནི་རང་ཉིད་སོ་སོའི་བྱ་སྤྱོད་དང་གཏམ་གླེང་སོགས་ཕྱོགས་གང་ས་ནས་སློབ་མར་མིག་དཔེ་དང་སློབ་གསོའི་ནུས་པ་ཐོན་ཐུབ་པ་གནང་དགོས།
      གསུམ་པ། འཛིན་གྲྭའི་ཀྲུའུ་རེན་གྱི་ཡིད་ལ་བྱམས་དང་སྙིང་རྗེ་ལྡན་དགོས།
      “བྱམས་དང་སྙིང་རྗེ”ནི་འགྲོ་བ་མིའི་རིགས་ཁོ་ན་ལ་ལྡན་པའི་མཛེས་ཆོས་ཤིག་ཡིན་ཞེས་བརྗོད་ཆོག་ལ། དེ་བས་ཀྱང་འཛིན་གྲྭའི་ཀྲུའུ་རེན་ལ་ལྡན་དགོས་པའི་ཆེས་རྩ་བའི་རྨང་གཞི་ཞིག་རེད། བཤེས་གཉེན་གྱི་མཚན་ཉིད་དུ“བརྩེ་བའི་བདག་ཉིད་སྐྱོབ་སྤངས་ལ་བརྟེན”ཞེས་གསུངས་ཡོད་ལ། ད་དུང་། རྒྱུན་གཏན་སློབ་གྲྭའི་དབུ་ཁྲིད་ཀྱིས་དགེ་མང་ལ་སློབ་གསོ་བསྐྱོན་སྐབས་སློབ་གྲྭ་རང་ཁྱིམ་དང་། སློབ་མ་རང་གི་བུ་ཕྲུག་གི་འདུ་འེས་བཅངས་ཏེ་སྐྱོངས་དགོས་ཞེས་རྟག་ཏུ་བཀའ་སློབ་གནང་གི་ཡོད། དེ་ལས་ང་ཚོས་སློབ་གྲྭར་དགའ་ཞེན་དང་། སློབ་མ་རྣམས་བྱམས་དང་བརྩེ་བས་སྐྱོངས་དགོས་པ་གསལ་པོར་རྟོགས་ཐུབ། འོན་ཏེ། རྣམ་ཀུན་འཛིན་གྲྭའི་ཀྲུའུ་རེན་ལ་ལས་སློབ་ཕྲུག་གིས་སྐད་ཆ་རྫུན་བཤད་པ་དང་། སྦྱོང་ཚན་དུས་ཐོག་ཏུ་མི་འབྲི་བ། སློབ་ཚན་སྐབས་སུ་བློ་རྩེ་གཅིག་སྒྲིམ་གྱིས་ཉན་མི་ཐུབ་པ། སློབ་བྱོལ་དུ་འགྲོ་བ་སོགས་ཀྱི་སྣང་ཚུལ་ཐོན་སྐབས་སློབ་མས་དེ་ལྟར་བྱ་དགོས་པའི་རྒྱུ་རྐྱེན་རྩད་ཞིབ་མི་གནང་བར་དབྱུག་པར་བརྟེན་ནས་བཙན་གཅུན་དང་།ལུས་ཆད་གཅོད་པ། ཁ་རྡུང་དམའ་འབེབས་གཏོང་བ་སོགས་དགེ་རྒན་གྱི་ལས་གནས་ཀུན་སྤྱོད་དང་དགེ་རྒན་གྱི་མཚན་ཉིད་ལས་འགལ་ཏེ་དྲག་པོའི་རྩུབ་སྤྱོད་ཀྱི་བྱེད་ཐབས་སྣ་ཚོགས་ཐིག་སྤྱད་པས། དེའི་འབྲས་བུར་སློབ་མས་སློབ་གྲྭའི་འཚོ་བར་སྤྲོ་སྣང་འཕེལ་མི་ཐུབ་པ་དང་། ཤེས་བྱ་སྦྱོང་བའི་དུས་བཟང་དེ་སྡུག་བསྔལ་དུ་གྱུར་ཏེ། བརྩོན་སེམས་ཉམས་ནས་སློབ་གྲྭ་ལས་ཁ་བྲལ་ཏེ་སློབ་བྱོལ་དུ་འགྲོ་བའམ། དགེ་རྒན་མཐོང་ཚེ་རི་དྭགས་ཀྱིས་གཅན་གཟན་མཐོང་བ་ལྟར་གཡོལ་ཏེ་བྲོས་འགྲོ་ཡི་ཡོད། སྤྱིར་ན། ན་གཞོན་གྱི་དུས་དེ་ནི་སྤྲོ་སྣང་ལྡན་ཞིང་སྡུག་བསྔལ་མེད་པར་སེམས་བག་ཡངས་པོས་ཤེས་བྱ་དང་ལེན་བྱེད་པའི་དུས་སྐབས་ཤིག་ཡིན་དགོས་ཀྱང་། སློབ་ཕྲུག་ལ་ལ་ཆུང་དུས་ནས“ཕ་མ་གཉིས་འཆམ་མཐུན་མེད་པར་ཁ་བྲལ་བའམ། ཆུང་དུས་ནས་ཕ་མ་ཚེལས་འདས་པ། ཁྱིམ་ཚང་གི་གནས་ཚུལ་རྙོག་འཛིང་ཆེ་བ”སོགས་ཁོར་ཡུག་དམིགས་བསལ་ཅན་ཞིག་ཏུ་འཚར་ལོངས་བྱུང་བས་ཕ་མའི་བྱམས་སྐྱོང་དང་། ཁྱིམ་ཚང་གི་དྲོ་སྐྱིད། ཆུང་དུས་ཀྱི་སློབ་གསོ་སོགས་ལེགས་པོ་མ་ཐོབ་ཕྱིར། ངག་སྨྲ་མི་དགའ་བ་དང་གཤིས་ཀ་རྩུབ་པ་གུས་ཞབས་མི་ཤེས་པ་སོགས་ཀྱི་སློབ་མ་ཞིག་ཏུ་གྱུར། སློབ་ཕྲུག་དེ་ཚོའི་སེམས་སུ་སློབ་གྲྭའི་ནང་འཛིན་གྲྭའི་ཀྲུའུ་རེན་གྱི་བྱམས་སྐྱོང་དང་སེམས་ཁུར། ན་མཉམ་སློབ་མ་ཚོའི་རོགས་རམ་ཐོབ་འདོད་ཀྱང་། དེ་ལས་ལྡོག་སྟེ་འཛིན་གྲྭའི་ཀྲུའུ་རེན་གྱི་གཤེ་གཤེ་དང་དྲག་གཅུན། ན་མཉམ་སློབ་མ་ཚོའི་མཐོང་ཆུང་དང་། བརྙས་བཅོས་ཕོག་པས་ཁོང་ཚོའི་ན་གཞོན་གྱི་འཚོ་བ་དེ་སྡུག་བསྔལ་གྱི་གནས་སུ་ལྷུང་ནས། སློབ་ལ་བརྩོན་མི་འདོད་པར་སློབ་སྦྱོང་བ་རྒྱུ་དེ་ཁྲལ་དུ་བརྩི་མཁན་གྱི་སློབ་མ་ཞན་པོ་ཞིག་ཏུ་གྱུར། དེ་ནི་དགེ་རྒན་གྱི་སློབ་གསོ་ཡང་མ་དག་པའི་འོག་འཕྲོ་བརླག་ཏུ་སོང་བའི་སློབ་མ་ཞིག་ཡིན་ཕྱིར་ཅི་འདྲའི་བློ་ཕངས་སྐྱེ་འོས་པ་ཞིག་མ་རེད་དམ། དེར་བརྟེན། འཛིན་གྲྭའི་ཀྲུའུ་རེན་ཚོས “བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན” ཞེས་དང་། “ཐམས་ཅད་སློབ་མའི་ཆེད་དུ་བརྩོན་དགོས”ཞེས་སོགས་ཀྱི་བཀའ་མོལ་དེ་རིགས་ཞལ་སྟོང་པར་གསུངས་པ་ཙམ་མིན་པར། ངང་རྒྱུད་རིང་པོས་སློབ་ཕྲུག་མི་རེ་ངོ་རེར་རྒྱུས་ལོན་དང་། ལག་ལེན་དངོས་ཀྱི་ཐོག་ནས་བྱམས་སྙིང་རྗེ་སྒོམ་སྟེ་སློབ་ཕྲུག་རྣམས་ལ་ཀུན་སྤྱོད་སློབ་གསོ་དང་ཤེས་རིག་བསླབས་ཚེ་སློབ་ཕྲུག་དེ་རིགས་ཀྱི་ལུས་སྟེང་དུ་སྐྱོན་ཆ་དེ་འདྲ་ཐོན་ག་ལ་སྲིད། དེར་བརྟེན། རྗེ་ཙོང་ཁ་པས“སློབ་མའི་རྒྱུད་ལ་ཡོན་ཏན་སྣ་གཅིག་སྐྱེ་བ་དང་སྐྱོན་སྣ་གཅིག་འགྲིབ་པ་ཡན་ཆད་བདེ་ལེགས་ཐམས་ཅད་ཀྱི་འབྱུང་གནས་ནི་དགེ་བའི་བཤེས་གཉེན་ཡིན”③ཞེས་གསུངས། དགེ་རྒན་ནམ་འཛིན་གྲྭའི་ཀྲུའུ་རེན་ནི་ཇི་འདྲའི་རླབས་ཆེ་བ་ཞིག་ཡིན་ཙང་སློབ་མ་བྱམས་སྙིང་རྗེས་སྐྱོང་དགོས་པ་དེ་ནི་ཤིན་ཏུ་ནས་གལ་འགངས་ཆེའོ། །   
      བཞི་པ། འཛིན་གྲྭའི་ཀྲུའུ་རེན་གྱི་སྒོ་གསུམ་སློབ་མའི་ཆེད་དུ་ལེགས་སྐྱེས་འབུལ་ཕོད་པ་དགོས།
      འཛིན་གྲྭའི་ཀྲུའུ་རེན་གྱི་ལས་ཀ་ནི་རླབས་ཆེ་ཡང་རྙོག་འཛིང་ཆེ་བ་ཞིག་ཡིན་ཕྱིར་དགེ་རྒན་མང་པོ་ཞིག་གིས་ལས་ཀ་དེ་བྱེད་འདོད་གཏན་ནས་མི་བྱེད། རྒྱུ་མཚན་ནི་གཅིག་ནས་སློབ་མའི་སློབ་སྦྱོང་དང་གཙང་སྦྲ་ཀུན་སྤྱོད་སོགས་གང་ཅིར་འགན་འཁུར་དགོས་ཕྱིར། དགེ་རྒན་གཞན་ལས་ཀྱང་སྔ་ལངས་ཕྱི་ཉལ་བྱ་དགོས་པ་ནི་སྨོས་མེད་ཁར། ད་དུང་སློབ་གྲྭའི་ཚན་པ་ཆེ་ཆུང་ཁག་ཚང་མའི་ལས་ཀར་གཞོགས་འདེགས་བྱ་དགོས་པ་དང། སྐབས་རེ་ལས་དོན་བསྒྲུབ་ཕྱོགས་ཐད་ཅུང་ཟད་སྣང་ཆུང་དུ་སོང་ཚེ།  དེ་མ་ཉིད་དུ་འཛིན་གྲྭའི་སྐར་མ་ནས་འཐེན་གྱི་ཡོད་ཙང་ལུས་ཀྱི་ངལ་དུབ་བརྗོད་མི་དགོས་ཁར། སེམས་ཀྱི་ཁུར་པོ་ཡང་ཤིན་ཏུ་ཆེ། དེ་བས་ཁྱིམ་བདག་དང་སློབ་ཁྲིད་དགེ་རྒན་ཚང་མར་བསྟུན་དགོས་ཀྱི་ཡོད། དེ་དུས་རང་སྒེར་གྱི་ལས་དོན་མང་པོ་ཞིག་ལ་འཐུས་ཤོར་འགྲོ་ཞིང་སེམས་ལ་འཁང་ར་སྣ་ཚོགས་སྐྱེ་ངེས། འོན་ཏེ། པོ་ཏོ་བ་རིན་ཆེན་གསལ་གྱིས“ཕུ་ཆུ་རྫིང་དང་ས་བརླན་དང་། བ་གླང་མི་ཁྱུ་མི་མཉམ་མཉམ”④ཞེས་གསུངས་པ་བཞིན་དགེ་རྐན་གྱི་སློབ་གསོའི་དྲིན་ལས་སློབ་མ་ལ་ཐོབ་པའི་བཀའ་དྲིན་ཤིན་ཏུ་ཆེ་བ་དེའི་དགོས་དོན་ལ་དམིགས་ཏེ། གཞན་ཕན་ཆེད་དུ་རང་བདེ་བློས་གཏོང་དང་དགེ་བའི་ལས་སྒྲུབ་པར་སེམས་ཅན་གཞན་ལས་རྒན་པ་ཞེས་པའི་དགེ་རྒན་གྱི་སྒྲ་བཤད་དེ་རྩ་བར་བཟུང་ནས། དུས་རྟག་ཏུ་སློབ་མ་དང་འབྲེལ་འདྲིས་མང་ཙམ་གྱིས་ཁོང་ཚོའི་འཚོ་བ་དང་སེམས་ཁམས་ལ་རྒྱུས་ལོན་བྱས་ཏེ་ངག་ནས་བསླབ་བྱ་གཏོང་རྒྱུ་མི་ལྷོད་པ་བྱ་རྒྱུ་དང་། ལུས་ཀྱི་ཞབས་ཟུང་དལ་མེད་དུ་སློབ་མའི་ཆེད་དུ་སློབ་གྲྭའི་ཁོ་ར་ཁོར་ཡུག་ཏུ་བརྩོན་པ། དེ་བས་ཡིད་ནས་ཐམས་ཅད་སློབ་མའི་ཆེད་དུ་བློས་གཏོང་གི་བསམ་པ་རྣམ་དག་ཅིག་བཅངས་ན་ད་གཟོད་ཁྱེད་ཀྱི་འཛིན་གྲྭའི་ཀྲུའུ་རེན་གྱི་ལས་དོན་ལ་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་ངེས་སོ། །
      མཆན་དང་དཔྱད་གཞིའི་ཡིག་རིགས།
      ① མདོ་སྡེ་རྒྱན། བྱམས་ཆོས་སྡེ་ལྔ། [ M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2011ལོའི་ཟླ8  ཤ 91
      ② བོད་ཀྱི་གཏམ་དཔེ་ཕྱོགས་བསྒྲིགས། [ M]བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2004ལོའི་ཟླ12 ཤ 132
      ③ རྗེ་ཙོང་ཁ་པའི་གསུང་འབུམ།(པ) [ M]ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2012ལོའི་ཟླ12 ཤ 32
      ④ པོ་ཏོ་བ་རིན་ཆེན་གསལ། དཔེ་ཆོས་རིན་ཆེན་སྤྲུངས་པ། ལྗོངས་ཞིང་ལྔའི་མཉམ་སྒྲིག་བསླབ་གཞི། བོད་སྐད་ཡིག་ལོ་རིམ་བདུན་པ་སྟོད་ཆ།[ M]2005ལོའི་ཟླ3 ཤ 455
      རྩོམ་པ་པོ་ངོ་སྤྲོད། བསོད་ནམས་དོན་གྲུབ། (1975 - ) བོད་ལྗོངས་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་དུ་འཁྲུངས། 1998ལོར་བོད་ལྗོངས་སློབ་ཆེན་བོད་ཡིག་ཚན་ཁག་ནས་ཐོན། ད་ལྟ་ཆུ་ཤུར་རྫོང་སློབ་འབྲིང་གི་བོད་ཡིག་སློབ་དཔྱོད་ཁང་དུ་བོད་ཡིག་སློབ་ཁྲིད་ཀྱི་ལས་འགན་བཞེས་བཞིན་ཡོད། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི་སློབ་གསོ་སློབ་ཁྲིད་སྐོར་ཡིན།
      དཔྱད་རྩོམ་འདི་སྐབས་དང་པོའི་ལྗོངས་ཡོངས་ཀྱི་སློབ་གསོ་སློབ་ཁྲིད་ཀྱི་དཔྱད་རྩོམ་འགྲན་བསྡུར་ནང་བྱ་དགའ་ཐོབ་པའི་དཔྱད་རྩོམ་གྲས་ཡིན།