ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
སྤེལ་དུས 2019-06-21
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་པ་པོ། མིག་དམར་རྒྱ་མཚོ།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ་༦པའི་ཚེས་༢༠ཉིན་ཕོང་དབྱང་ཅིན་ཞིའུ་ཧྲན་མགྲོན་བསུ་ཁང་དུ་བྱང་ཁོ་རེ་ཡ་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་། རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་ཡོད། ཕྱོགས་གཉིས་པོས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཀྲུང་གོ་དང་བྱང་ཁོ་རེ་ཡ་ཕྱོགས་གཉིས་པོས་ཐོག་མའི་བསམ་འདུན་མ་བརྗེད་པར་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པ་དང་། ཐུན་མོང་ཐོག་ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུར་མོས་མཐུན་གནང་ཡོད་པ་རེད།
ཞི་ཅིན་ཕིང་གིས། ན་ནིང་ནས་བཟུང་། ང་རང་དང་བློ་མཐུན་ཨུ་ཡོན་ཀྲང་བར་གྲོས་མོལ་ཐེངས་བཞི་ཞུས་པ་དང་། ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བའི་ལེའུ་གསར་པ་བྲིས་པ་མ་ཟད་ཕན་ཚུན་མཛའ་གྲོགས་ཟབ་མོ་ཆགས་ཡོད། ཨུ་ཡོན་ཀྲང་བློ་མཐུན་ཅིན་ཀྲེང་ཨེན་གྱིས་ང་རང་ནས་ད་ཐེངས་འཚམས་འདྲི་ཞུ་བར་སྤྲོ་སེམས་འཁོལ་བའི་དགའ་བསུའི་མཛད་སྒོ་གཟབ་རྒྱས་སྤེལ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་རང་དེ་རིང་གནམ་གྲུ་ནས་བབས་ཏེ་སྡོད་སར་བསྐྱོད་པའི་ལམ་བར་དུ། གང་སར་ཀྲུང་གོ་དང་བྱང་ཁོ་རེ་ཡ་ཁྱིམ་ཚང་གཅིག་ལྟ་བུའི་རྣམ་པས་ཁེངས་པའི་མྱོང་ཚོར་ཟབ་མོ་བྱུང་། ད་ལོ་ནི་ཀྲུང་གོ་དང་བྱང་ཁོ་རེ་ཡའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་༧༠འཁོར་བའི་ལོ་ཡིན་ཞིང་། ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལོ་རྒྱུས་ཐོག་སྔར་སོང་རྒྱུན་འཛིན་དང་མ་འོངས་གསར་གཏོད་ཀྱི་གལ་ཆེའི་དོན་སྙིང་ལྡན་ཡོད། ང་རང་དང་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་སླར་ཡང་ཕོང་དབྱང་དུ་མཇལ་མོལ་བྱུང་བ་རེད། ད་ཐེངས་ང་རང་ནི་ཀྲུང་གོ་དང་བྱང་ཁོ་རེ་ཡའི་མཛའ་གྲོགས་སྲ་བརྟན་དང་རྒྱུན་འཛིན་བྱེད་ཆེད་དང་། ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་གནད་དོན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱེད་རྒྱུར་སྐུལ་འདེད་གཏོང་ཆེད་ཡོང་བ་ཞིག་ཡིན། ད་ཐེངས་ཀྱི་འཚམས་འདྲི་འདི་གོ་སྐབས་ལ་བརྩིས་ནས། ང་ཚོས་ངེས་པར་དུ་ཐུན་མོང་ཐོག་ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཐུབ་པ་དང་། ཐུན་མོང་ཐོག་ཀྲུང་གོ་དང་བྱང་ཁོ་རེ་ཡའི་མཛའ་གྲོགས་གྱི་ལེའུ་གསར་པ་ཞིག་གཏོད་རྒྱུའི་ཡིད་ཆེས་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བར་ཕྱིར་དྲན་བྱེད་སྐབས། གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་རྒྱུན་འཁྱོངས་བྱེད་པ་ནི་ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བའི་རྩ་བའི་ཁྱད་ཆོས་ཡིན་པ་དང་། ཐུན་མོང་གི་ཕུགས་བསམ་དད་སེམས་དང་འབད་འཐབ་དམིགས་འབེན་ནི་ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བའི་མདུན་སྐྱོད་ཀྱི་སྒུལ་ཤུགས་ཡིན་པ། ཆེས་མཐོའི་འགོ་ཁྲིད་པའི་བར་གྱི་མཛའ་གྲོགས་རྒྱུན་འཁྱོངས་དང་འཐབ་ཇུས་ཁྲིད་སྟོན་ནི་ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བའི་བཟང་ཆ་ཆེ་ཤོས་དེ་ཡིན་པ། ས་བབ་ལས་ཆགས་པའི་བརྩེ་དུང་དང་རིག་གནས་གནས་བབ་ཕན་ཚུན་འབྲེལ་བ་ནི་ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བའི་སྒྲོག་ཐག་བརྟན་པོ་ཡིན་པ་བཅས་ཀྱི་ངོས་འཛིན་ཟབ་མོ་བྱུང་ཡོད། ཀྲུང་གོ་དང་བྱང་ཁོ་རེ་ཡའི་མཛའ་གྲོགས་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བསམ་འདུན་དང་འཚམ་པ་དང་། རྒྱལ་ཁབ་གཉིས་པོའི་རྩ་བའི་ཁེ་ཕན་དང་མཐུན་པ། དུས་རབས་གོང་འཕེལ་གྱི་རླབས་རྒྱུན་དང་འཚམ་པ་བཅས་ཡིན་པ་དང་། དེ་ནི་ཕྱོགས་གཉིས་པོས་རྒྱང་རིང་དང་ཁྱོན་ཡོངས་ལ་གཞིགས་ནས་འཐབ་ཇུས་ཀྱི་གདམ་ག་བྱས་པ་ཞིག་ཀྱང་ཡིན་པས། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་འགྲོ་བ་དང་བསྟུན་ནས་གཡོ་འགུལ་ཐེབས་མི་སྲིད་པ་ང་ཚོར་ཡིད་ཆེས་ཡོད་ཅེས་ནན་སྟོན་གནང་བ་དང་།
ཞི་ཅིན་ཕིང་གིས། མིག་སྔར། ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་གསར་པར་སླེབས་ཡོད། ཀྲུང་གོའི་ཏང་དང་སྲིད་གཞུང་ནས་ཀྲུང་གོ་དང་བྱང་ཁོ་རེ་ཡའི་མཛའ་གྲོགས་མཉམ་ལས་འབྲེལ་བར་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བ་སྲུང་སྐྱོང་དང་། སྲ་བརྟན། གོང་འཕེལ་བཅས་ཡག་པོ་གཏོང་རྒྱུ་ནི། ཀྲུང་གོའི་ཏང་དང་སྲིད་གཞུང་ནས་སྔ་བར་ཕྱི་གསུམ་དུ་རྒྱུན་འཁྱོངས་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་བྱེད་ཕྱོགས་ཡིན། རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་གཏིང་ཟབ་ལ་རྙོག་འཛིང་ཆེ་བའི་ངང་འགྱུར་ལྡོག་འགྲོ་བའི་སྐབས་འདིར། ཕྱོགས་གཉིས་པོས་མཐོ་རིམ་འགྲོ་འོང་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་ཁ་ཕྱོགས་ཁྲིད་སྟོན་བྱེད་དགོས། ང་རང་ནས་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་ཞུས་ནས། ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་སྲ་བརྟན་གཏོང་བ་དང་། ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བ་གོང་འཕེལ་གཏོང་བའི་ཁ་ཕྱོགས་ཁོང་དུ་བརྟན་པོར་ཆུད་པ། ཕྱོགས་གཉིས་པོས་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་དུས་ཐོག་ཏུ་གལ་ཆེའི་གནད་དོན་ཐད་བསམ་འཆར་བརྗེ་རེས་བྱེད་པ། རྒྱལ་ཁབ་གཉིས་པོའི་གོང་འཕེལ་ལ་ཁོར་ཡུག་བཟང་པོ་སྐྲུན་པ། ཕྱོགས་གཉིས་པོས་རང་སྒྲུབ་མཉམ་ལས་རྒྱ་སྐྱེད་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྔར་ལས་ཆེ་བ་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།
ཅིན་ཀྲེང་ཨེན་གྱིས། ང་རང་ནས་བྱང་ཁོ་རེ་ཡའི་ཏང་དང་། སྲིད་གཞུང་། མི་དམངས་བཅས་ཀྱི་ཚབ་ཞུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྱང་ཁོ་རེ་ཡར་རྒྱལ་དོན་འཚམས་འདྲི་གནང་བར་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ནས་དགའ་བསུ་ཞུ་རྒྱུ་ཡིན། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིས་མཛད་བྲེལ་ཆེ་རུང་བྱང་ཁོ་རེ་ཡ་དང་ཀྲུང་གོའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་༧༠འཁོར་བའི་སྐབས་སུ་བྱང་ཁོ་རེ་ཡར་རྒྱལ་དོན་འཚམས་འདྲི་གནང་བ་ནི། བྱང་ཁོ་རེ་ཡའི་ཏང་དང་། སྲིད་གཞུང་། མི་དམངས་བཅས་ལ་སྐུལ་མ་དང་ཆབ་སྲིད་ཀྱི་རྒྱབ་སྐྱོར་ཆེན་པོ་ཞིག་ཡིན་པ་དང་། བྱང་ཁོ་རེ་ཡ་དང་ཀྲུང་གོའི་འབྲེལ་བའི་ལོ་རྒྱུས་ཐོག་ལོ་རྒྱུས་དོན་སྙིང་ཆེན་པོ་ལྡན་པ་ཞིག་ཡིན། མིག་སྔའི་དུས་བབ་འོག་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིས་ད་ཐེངས་འཚམས་འདྲི་གནང་བ་ནི་བྱང་ཁོ་རེ་ཡ་དང་ཀྲུང་གོའི་འབྲེལ་བའི་ལོ་ངོ་བདུན་ཅུའི་འཕེལ་རིམ་ལ་ཕྱིར་དྲན་བྱ་རྒྱུ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འབྱུང་འགྱུར་ལ་རྒྱང་ལྟ་བྱ་རྒྱུ་མ་ཟད། ཕྱི་ཕྱོགས་སུ་བྱང་ཁོ་རེ་ཡ་དང་ཀྲུང་གོའི་སྲ་བརྟན་འགྱུར་མེད་སྲོལ་རྒྱུན་མཛའ་གྲོགས་མངོན་པར་བྱེད་པར་ཕན་ཐོགས་ཆེན་པོ་ཡོད། ང་རང་ནས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིས་བྱང་ཁོ་རེ་ཡ་དང་ཀྲུང་གོའི་འབྲེལ་བའི་ཐད་གནད་འཕིགས་དབྱེ་ཞིབ་དང་འཆར་འགོད་གནང་བར་རྦད་དེ་མོས་མཐུན་ཞུ་བཞིན་ཡོད། བྱང་ཁོ་རེ་ཡ་དང་ཀྲུང་གོའི་མཛའ་གྲོགས་མི་རབས་ནས་མི་རབས་རྒྱུན་འཛིན་བྱ་རྒྱུ་ནི་བྱང་ཁོ་རེ་ཡའི་ཏང་དང་སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་ལངས་ཕྱོགས་ཡིན། ང་རང་ནས་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིའི་བར་ཆགས་པའི་མཛའ་གྲོགས་ཟབ་མོར་གཅེས་འཛིན་ཆེན་པོ་བྱེད་པ་དང་། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིའི་བར་བྱུང་བའི་ཐུན་མོང་ངོས་འཛིན་ལ་གཅིག་གྱུར་མཐོང་ཆེན་བྱེད་ཀྱི་ཡོད། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིས་ད་ཐེངས་འཚམས་འདྲི་གནང་བ་གོ་སྐབས་ལ་བརྩིས་ནས། བྱང་ཁོ་རེ་ཡ་དང་ཀྲུང་གོ་ཕྱོགས་གཉིས་པོས་སྔར་ལས་ལྷག་པའི་སྒོ་ནས་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་རྒྱུ་དང་། ཁྱབ་ཁོངས་ཁག་གི་མཛའ་གྲོགས་འགྲོ་འོང་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་བཏང་ནས། བྱང་ཁོ་རེ་ཡ་དང་ཀྲུང་གོའི་འབྲེལ་བ་ཟམ་མི་ཆད་པར་མཐོ་ཚད་གསར་པར་སྐུལ་སྤེལ་གཏོང་འདོད་ཡོད་ཅེས་གསུངས་ཡོད།
ཞི་ཅིན་ཕིང་གིས་བྱང་ཁོ་རེ་ཡའི་ཕྱོགས་ནས་ཕྱེད་གླིང་ཕྲན་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་དང་། ཕྱེད་གླིང་ཕྲན་རྡུལ་ཉིང་མེད་པ་ཅན་ལ་སྐུལ་འདེད་གཏོང་བའི་ཐད་བྱས་པའི་འབད་བརྩོན་ལ་གདེང་འཇོག་ཡག་པོ་གནང་ཡོད། ཞི་ཅིན་ཕིང་གིས། ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་དུས་བབ་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་བར་འབྲེལ་བ་ཡོད་པ་དང་། འདས་ཟིན་པའི་ལོ་གཅིག་ནང་ཕྱེད་གླིང་ཕྲན་གྱི་གནད་དོན་ལ་སྐད་ཆ་ཤོད་རེས་བརྒྱུད་ཐག་གཅོད་བྱེད་པའི་མདུན་ལྗོངས་བཟང་པོ་མངོན་པར་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཁས་ལེན་ཐོབ་པ་དང་རེ་སྒུག་བྱེད་བཞིན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཡོངས་ཁྱབ་ཏུ་བྱང་ཁོ་རེ་དང་ཨ་རིས་མུ་མཐུད་གྲོས་མོལ་བྱེད་པ་མ་ཟད་གྲོས་མོལ་ལ་གྲུབ་འབྲས་ཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་དང་།
ཞི་ཅིན་ཕིང་གིས། ཕྱེད་གླིང་ཕྲན་གྱི་གནད་དོན་རྙོག་འཛིང་ཆེ་ལ་ཚོར་སྣང་སྐྱེན་པ་ཞིག་ཡིན། ང་ཚོས་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་ལ་གཞིགས་ཏེ་དུས་བབ་ཀྱི་འགྲོ་ཕྱོགས་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ་ཕྱེད་གླིང་ཕྲན་གྱི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། ཀྲུང་གོའི་ཕྱོགས་ནས་ཕྱེད་གླིང་ཕྲན་གྱི་གནད་དོན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱེད་པའི་འཕེལ་རིམ་ལ་རྒྱབ་སྐྱོར་བྱས་ཏེ། གནད་དོན་ཐག་གཅོད་བྱ་རྒྱུར་ཆ་རྐྱེན་གསོག་འཇོག་དང་ཆ་རྐྱེན་བསྐྲུན་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ནས་བྱང་ཁོ་རེ་ཡས་རང་རང་གི་ལུགས་མཐུན་བདེ་འཇགས་དང་གོང་འཕེལ་གྱི་དོ་ཁུར་བྱ་ཡུལ་གནད་དོན་ཐག་གཅོད་བྱ་རྒྱུར་རང་ནུས་ལ་དཔགས་པའི་རོགས་རམ་བྱ་རྒྱུ་དང་། བྱང་ཁོ་རེ་ཡ་ཕྱོགས་དང་འབྲེལ་ཡོད་ཕྱོགས་ཁག་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་གྱིས་ཕྱེད་གླིང་ཕྲན་རྡུལ་ཉིང་མེད་པ་ཅན་ལ་འགྱུར་བ་དང་། ས་ཁུལ་ཡུན་རིང་བདེ་འཁོད་ཡོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་འདོད་ཡོད་ཅེས་གསུངས་པ་རེད།
ཅིན་ཀྲེང་ཨེན་གྱིས་མིག་སྔའི་ཕྱེད་གླིང་ཕྲན་གྱི་དུས་བབ་ཐད་གཟིགས་སྟངས་ངོ་སྤྲོད་གནང་བ་དང་། འདས་ཟིན་པའི་ལོ་གཅིག་ལྷག་ཙམ་རིང་། བྱང་ཁོ་རེ་ཡའི་ཕྱོགས་ནས་དུས་བབ་ཛ་དྲག་ཏུ་མི་འགྲོ་བ་དང་། ཕྱེད་གླིང་ཕྲན་གྱི་དུས་བབ་དོ་དམ་ཚོད་འཛིན་བྱ་རྒྱུའི་ཐད་བྱ་ཐབས་ཡག་པོ་མང་པོ་ཞིག་བཟུང་ཡོད། འོན་ཀྱང་། འབྲེལ་ཡོད་ཕྱོགས་ཀྱི་ལན་ཆ་ཡག་པོ་ཐོབ་མེད། དེ་ནི་བྱང་ཁོ་རེ་ཡས་མཐོང་འདོད་མི་བྱེད་པ་ཞིག་ཡིན། བྱང་ཁོ་རེ་ཡའི་ཕྱོགས་ནས་བཟོད་སྒོམ་བྱེད་པ་དང་དུས་མཚུངས་འབྲེལ་ཡོད་ཕྱོགས་ནས་བྱང་ཁོ་རེ་ཡ་དང་ཁ་ཕྱོགས་གཅིག་པའི་ཐོག་བསྐྱོད་དེ་རང་རང་གི་ལུགས་མཐུན་དོ་ཁུར་བྱ་ཡུལ་དང་འཚམ་པའི་ཐག་གཅོད་ཇུས་གཞི་འཚོལ་བ་དང་། ཕྱེད་གླིང་ཕྲན་གནད་དོན་གྱི་འབྲེལ་ཡོད་སྐད་ཆ་ཤོད་རེས་ཀྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་ཐོབ་འདོད་བྱེད་ཀྱི་ཡོད། ཀྲུང་གོས་ཕྱེད་གླིང་ཕྲན་གྱི་གནད་དོན་ཐག་གཅོད་བྱེད་པའི་བརྒྱུད་རིམ་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་བྱང་ཁོ་རེ་ཡའི་ཕྱོགས་ནས་གདེང་འཇོག་མཐོ་པོ་བྱེད་ཀྱི་ཡོད། མུ་མཐུད་ཀྲུང་གོའི་ཕྱོགས་དང་སྐད་ཆ་ཤོད་རེས་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ། ཕྱེད་གླིང་ཕྲན་གྱི་གནད་དོན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱ་རྒྱུར་འཕེལ་རིམ་གསར་པ་ཐོན་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་ཕྱེད་གླིང་ཕྲན་གྱི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་བསྟན་ཡོད་པ་རེད།
ཏིང་ཞུའེ་ཞང་དང་། ཡང་ཅེ་ཁྲེ། ཝང་དབྱི། ཧོ་ལི་ཧྥེང་སོགས་གྲོས་མོལ་ནང་ཞུགས་གནང་ཡོད།
བྱང་ཁོ་རེ་ཡའི་ཕྱོགས་ཀྱི་གྲོས་མོལ་ནང་ཞུགས་མཁན་གྲས་སུ་ཚུའེ་ལུང་ཧའེ་དང་། ཅིན་ཚའེ་ལུང་། ལི་ཀྲུའུ་ཡོང་། ལི་ཡོང་ཧའོ། ཅིན་ཞིའུ་ཅེ་སོགས་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།