ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ།
སྤེལ་དུས 2018-10-29
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
སྤྱི་ཚེས་༢༨ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠དང་སྐར་མ་༨གྱི་ཐོག ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་ཤར་བགྲོད་བྱེད་བཞིན་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ་རེད། དོན་རྐྱེན་གྱི་ལས་ཡུལ་དངོས་སུ་བརྟག་དཔྱད་བྱས་པ་བརྒྱུད། ཉེན་རྟོག་ཕྱོགས་ནས་ཐོག་མར་གཏན་འཁེལ་བྱས་པ་ལྟར་ན། སྐབས་དེར་སྤྱི་སྤྱོད་རླངས་འཁོར་ནང་ཁྱོན་བསྡོམས་མི་༡༠ལྷག་ཙམ་ཡོད་པ་དང་། དོན་རྐྱེན་གྱི་འབྱུང་རྐྱེན་ནི་སྤྱི་སྤྱོད་རླངས་འཁོར་འགྲོ་སྐྱོད་བྱེད་སྐབས་གློ་བུར་དུ་ལམ་དཀྱིལ་གྱི་དངོས་ཐིག་བརྒལ་ཏེ། ཕར་ཕྱོགས་ནས་རྒྱུན་ལྡན་གྱིས་ཚུར་འོངས་བཞིན་པའི་རླངས་འཁོར་ཆུང་བ་ཞིག་ལ་རྡུང་ག་བརྒྱབ་པས། ལམ་འགྲམ་བརྒལ་ཞིང་ལམ་རགས་གཏོར་ཏེ་འབྲི་ཆུའི་ནང་དུ་ལྷུང་བ་རེད།
ལམ་རགས་གཏོར་ཏེ་འབྲི་ཆུའི་ནང་ལྷུང་བའི་སྤྱི་སྤྱོད་རླངས་འཁོར་ནི་ས་གནས་དེ་གའི་ལམ་༢༢ཀྱི་སྤྱི་སྤྱོད་རླངས་འཁོར་ཡིན་ལ། སྤྱི་སྤྱོད་རླངས་འཁོར་འདི་ནི་ཝན་ཀྲོའུ་ཁུལ་དང་ཅང་ནན་ཁུལ་གསར་ནས་པེ་པིན་ལམ་དུ་བསྐྱོད་པ་ཞིག་རེད། དོན་རྐྱེན་ནི་ཟམ་ཆེན་གྱི་དཀྱིལ་དུ་བྱུང་ཞིང་དེས་ཡུལ་དངོས་ཀྱི་ཟམ་པའི་ལམ་རགས་གཏོར་བའི་ཁ་ཞེང་ལ་ཕལ་ཆེར་སྨི་བདུན་ནས་བརྒྱད་ཙམ་ཡོད་པ་རེད།
སྤྱི་ཚེས་༢༨ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་འཕྲལ་བསྟུན་དོ་དམ་སྡེ་ཁག་གིས་རྒྱལ་ཁབ་ཆུ་ཐོག་འཕྲལ་བསྟུན་མྱུར་སྐྱོབ་ཁྲུང་ཆིང་ཁྲང་ཧྭང་རུ་ཁག་གི་ཆུར་འཛུལ་མི་སྣ་༧་དང་གཏིང་འཛུལ་རུ་མི་༤། གཏིང་འཛུལ་སྨན་པ་གཅིག ཏུན་༤༠ཅན་གྱི་ལྗིད་འདེགས་གྲུ་གཟིངས་གཅིག་བཅས་ཝན་ཀྲོའུ་ཁུལ་དུ་མངགས་གཏོང་བྱས་ཡོད་པ་རེད། དྲག་ཆས་ཉེན་རྟོག་ཁྲུང་ཆིང་སྤྱི་ཁྱབ་རུ་ཁག་གི་གྲུ་གཟིངས་རུ་དཔུང་གིས་ཆུར་འཛུལ་མི་སྣ་༡༧ཚུད་པའི་ཆེད་ལས་མི་སྣ་༢༤ཡིས་མྱུར་སྐྱོབ་སྒྲིག་ཆས་ཁྱེར་ཏེ་དུས་ཐོག་དུ་མྱུར་སྐྱོབ་བྱས་པ་དང་། དྲག་ཆས་ཉེན་རྟོག་ཁྲུང་ཆིང་སྤྱི་ཁྱབ་རུ་ཁག་གི་འགན་ལེན་རུ་ཁག་གསུམ་པའི་ཆབ་སྲིད་ཨུ་ཡོན་ཕུའུ་ཅན་ཕིང་གིས་གསར་འགོད་པར། ཆུ་རྒྱུན་དྲག་པའི་དབང་གིས་ཆུ་འོག་གི་གནས་ཚུལ་རྙོག་འཛིང་ཆེ་ཞིང་། ཆུ་འོག་ནས་འཚོལ་ཞིབ་ཚད་ལེན་སྒྲིག་འཛུགས་བྱེད་སྐབས། འཕྲུལ་ཆས་ཀྱི་ཚོད་འཛིན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ཅེས་གསུངས་པ་རེད།
གསར་འགོད་པས་ཁྱབ་བསྒྲགས་བྱེད་རག་བར་དུ། རོགས་སྐྱོབ་གྲུ་གཟིངས་༢༠ལྷག་དོན་རྐྱེན་བྱུང་སའི་ཆུ་ངོགས་སུ་སླེབས་ཏེ་རོགས་སྐྱོབ་ཆུར་འདོན་གྱི་ལས་ཀ་སྒྲུབ་བཞིན་ཡོད། ཡིན་ནའང་ཆུར་ལྷུང་བའི་མི་དང་རླངས་འཁོར་གྱི་ཞིབ་ཕྲའི་གནས་ཡུལ་ད་དུང་འཚོལ་རྙེད་ཐུབ་མེད་པ་རེད། འབྲེལ་ཡོད་ལས་ཁུངས་ཀྱིས་སྲང་ལམ་དང་གནས་ཁུལ་གྱི་ལས་བྱེད་མི་སྣར་སྒྲིག་འཛུགས་བྱས་ཏེ། དོན་རྐྱེན་ནང་གི་མི་སྣ་ཡིན་སྲིད་པའི་ཁྱིམ་ཚང་དུ་འདྲི་རྩད་བྱེད་པར་བསྐྱོད་ཡོད་པ་རེད།