མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ།
སྤེལ་དུས 2018-10-19
ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།
རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
འབྲི་ཆུའི་ཆུ་འགོ་གྲོང་ཚོར་སྐྱོད་སྐབས་བོད་བཟོའི་བར་འཁྱམ་རིང་པོ་ཞིག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གྲོང་མི་དང་ལྷན་བཞུགས་ཀྱི་དྲན་རྟེན་འདྲ་པར་བཀལ་ཡོད་པ་དང་། བོད་ཆས་གྱོན་པའི་གྲོང་མི་ཚོའི་ངོ་གདོང་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར།
འབྲི་ཆུའི་ཆུ་འགོ་གྲོང་ཚོ་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་དུ་གནས་ཤིང་། 2004ལོའི་ཟླ་11པར་གདང་ལ་གྲོང་རྡལ་གྱི་འབྲོག་པ་དུད་ཚང་128ཀྱིས་རྒྱལ་ཁབ་ཀྱི་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་སྲིད་ཇུས་དང་དུ་བླངས་ཏེ་ཕ་མེས་ཡང་མེས་ཀྱི་ཕྱུགས་འཚོ་ས་དང་གཞིས་ཆགས་སའི་རྩྭ་ཐང་ནས་སྐྱས་སྤོས་འཚོ་བ་དང་གྱེས་ཏེ་གདང་ལ་ནས་གོར་མོ་གྲོང་ཁྱེར་གྱི་ལྷོ་འདབས་སུ་སྤོས་པར་ད་ཆའི་འབྲི་ཆུའི་ཆུ་འགོ་གྲོང་ཚོ་ཆགས། རྒན་རྒོན་ཚོའི་ངག་རྒྱུན་བྱས་ན་འབྲི་ཆུའི་ཆུ་འགོ་གྲོང་ཚོ་ཞེས་འདོགས་དོན་ནི་གྲོང་མི་ཚང་མ་འབྲི་ཆུའི་ཆུ་འགོ་ནས་ཡོང་བ་ཤ་སྟག་ཡིན་པས་ཆུ་འཐུང་དུས་ཆུ་འགོ་མི་བརྗེད་པའི་དོན་དང་ལྡན་པ་མཚོན་གྱི་ཡོད།
“གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ”བཅས་ནི་མི་ཚང་མའི་ཐོག་མའི་ཕུགས་འདུན་རེད། ད་ཆ་ལོ་འདི་དག་རིང་གི་འཕོ་འགྱུར་སྐོར་གླེང་སྐབས་འབྲི་ཆུའི་ཆུ་འགོ་གྲོང་ཚོའི་གྲོང་མི་ཚོས་སེམས་གཏིང་ནས་ཏང་དང་མི་རིགས་སྲིད་ཇུས་ལ་ཐུགས་རྗེ་ཆེ་ཞུ་ཡི་ཡོད་ཅིང་། ཁོང་ཚོས“མི་རིགས་ཁག་ཕར་རོགས་ཚུར་གཅེས་བྱས་པས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང”ཞེས་ཤོད་ཀྱི་ཡོད།
ལོ་49ལ་སླེབས་པའི་འཇིགས་མེད་ཀྱིས་ལོ་8གོང་གྲོང་ཚོར་གཉེར་བའི་རྩལ་ནུས་གསོ་སྦྱོང་འཛིན་གྲྭར་མ་ཎི་རྡོ་བརྐོས་ལག་རྩལ་སྦྱངས་ཤིང་། ད་ཆ་ཁོ་པར་ཚོང་མངགས་མཁན་ཇེ་མང་དུ་འགྲོ་ཡི་ཡོད། ཁོ་པས“དེ་སྔ་ངས་ཕྱུགས་རྫི་ཙམ་ལས་བྱེད་མི་ཐུབ། གྲོང་ཚོ་གསར་པར་སྤོས་ནས་ལག་ཤེས་སྦྱངས་པས་ད་ཆ་ངས་དགེ་ཕྲུག་འཁྲིད་ཐུབ་ལ་ཡོང་འབབ་ཀྱང་བསགས་ཐུབ”ཅེས་བཤད།
“གྲོང་ཚོ་གསར་པར་སྤོས་རྗེས། གྲོང་རྡལ་ནས‘ནང་དུ་འདྲེན་པ་དང་ཕྱིར་བསྐྱོད་པའི’བྱ་ཐབས་སྤྱད་དེ་རྒྱ་རིགས་རིགས་གཅིག་མཁས་ཅན་དང་ཧུའེ་རིགས་ཀྱི་ཕྱུག་འགྱུར་འཇོན་ཐང་ཅན་གདན་དྲངས་ནས་བོད་རིགས་གྲོང་མི་ཚོར་ལག་ཤེས་དང་ཐབས་བཟང་བསླབས་པ་མ་ཟད་གྲོང་མི་རྣམས་ཕྱི་རོལ་ཡུལ་དུ་ལྟ་བར་བཏང་ཡོད། དོན་དངོས་ཐོག་བརྒྱུད་རིམ་འདི་ནི་མི་རིགས་མཉམ་འདྲེས་ཀྱི་བརྒྱུད་རིམ་ཞིག་རེད”ཅེས་གདང་ལ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ཧྲོའུ་ཡོན་གྱིས་བཤད།
གྲངས་གཞི་ལས་མངོན་པར། འབྲི་ཆུའི་ཆུ་འགོ་གྲོང་ཚོའི་འབྲོག་པ་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་22828.19ཟིན་པ་དེ་གནས་སྤོ་མ་བྱས་གོང་ལས་ལྡབ་བཅུ་འཕར་ཡོད་པས་བོད་རིགས་མང་ཚོགས་ཀྱི་འཚོ་བའི་བདེ་སྐྱིད་ཚོར་སེམས་དང་བདེ་འཇགས་ཚོར་སེམས་སྔར་བས་ཇེ་ཆེར་འགྲོ་བཞིན་ཡོད།
འབྲི་ཆུའི་ཆུ་འགོ་གྲོང་ཚོའི་ཏང་ཡོན་ལས་བྱེད་པས་འབྲོག་པ་མང་ཚོགས་ལ་དོན་དངོས་སྒྲུབ་པ་དང་། དཀའ་གནད་སེལ་བ། བྱ་བཟང་སྒྲུབ་པ་བཅས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་འབྲེལ་ཟམ་ལྟ་བུར་བརྩི་ཡི་ཡོད། “མང་རོགས་གཅིག”གི་བྱེད་སྒོ་སྤེལ་ནས“རོགས་རམ་ཐུབ་ན་གང་ཐུབ་བྱེད་པ་དང་བབ་བསྟུན་དོ་དམ”གྱི་བྱ་ཐབས་སྤྱད་དེ་འབྲོག་པ་མང་ཚོགས་ཀྱི་རོགས་སྐྱོར་ཡིག་ཚགས་བཟོས་པ་དང་། གྲོང་ཚོའི་ལས་བྱེད་པ་དང་གྲོང་སྡོད་ཧྲུའུ་ཅི་དང་པོས་སྣེ་འཁྲིད་དེ་དཀའ་ངལ་ཡོད་པའི་མང་ཚོགས་ལ་འབྲེལ་གཏུག་དང་རོགས་སྐྱོར་བྱས་ཏེ་དམངས་ལ་དོན་དངོས་སྒྲུབ་ཀྱི་ཡོད།
གྲོང་མི་སྲི་ཆོད་སྒྲོལ་མས“ལོ་ལྟར་སྲོལ་རྒྱུན་དུས་ཆེན་གཏོང་རིམ་བཞིན་གྲོང་ཚོར་རྟ་རྒྱུག་འགྲན་བསྡུར་དང་སྒོར་གཞས་འཁྲབ་པ་སོགས་བོད་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་འཁྲབ་སྟོན་བྱེད་ཀྱི་ཡོད། ང་ཚོའི་གྲོང་ཚོས་མཉམ་སྐྲུན་ཚན་པ་དང་མཉམ་དུ་བུད་མེད་ཀྱི་ལག་ཤེས་སྒྱུ་རྩལ་འགྲན་བསྡུར་གཉེར་བས་ལག་ཤེས་ཤེས་པ་མ་ཟད། མི་རིགས་ཁག་དབར་གྱི་ལ་རྒྱའང་ཟབ་ཏུ་ཕྱིན་སོང”ཞེས་བཤད།
ད་ཕན་ལོ་ཤས་རིང་། འབྲི་ཆུའི་ཆུ་འགོ་གྲོང་ཚོས་མང་ཚོགས་ཀྱི་རིག་རྩལ་འཁྲབ་སྟོན་ཐེངས་150ལྷག་ཙམ་སྒྲིག་འཛུགས་བྱས་པ་དང་རིག་རྩལ་འཁྲབ་སྟོན་རུ་ཁག་གིས་ད་དུང་གོར་མོ་གྲོང་ཁྱེར་གྱིས་གཉེར་བའི་རིག་རྩལ་འཁྲབ་སྟོན་བྱེད་སྒོར་སྔ་རྗེས་སུ་ཐེངས་མང་ཞུགས་པས་མི་རིགས་ཁག་དབར་སྤེལ་རེས་ཀྱི་གོ་སྐབས་ཇེ་མང་དུ་སོང་ཡོད།
བོད་རིགས་རྒད་པོ་སྐལ་བཟང་ལྷ་རྒྱལ་ནི་གེ་སར་སྒྲུང་གི་སྒྲུང་པ་ཞིག་ཡིན་ཞིང་། ཁོང་ལོ་20ཙམ་ནས་སྒྲུང་གཞས་སྦྱངས་པ་དང་ད་ཆ་མི་ལོ་བདུན་ཅུར་ཟིན་ནའང་སྐད་ཧ་ཅང་གསང་པོ་ཡོད། ཁོང་གིས་ཉིན་ལྟར་གྲོང་ཚོའི་འགོར་བསྡད་དེ་སྒྲུང་གཞས་དུམ་བུ་ཁ་ཤས་ལེན་གྱི་ཡོད། ཁོང་གིས“ངས་ཚེ་གང་སྒྲུང་གཞས་བླངས་པ་ཡིན། དེ་དག་ཐམས་ཅད་བཀྲ་ཤིས་པའི་ཆེད་དུ་དང་མི་རིགས་ཁག་གི་བུ་ཕྲུག་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་དགའ་སྤྲོའི་རྣམ་པར་བླངས་པ་ཞིག་ཡིན”ཞེས་བཤད།