ནུབ་བྱང་དགེ་འོས་སློབ་ཆེན་སློབ་གསོ་སློབ་གླིང་གི་ཞིབ་འཇུག་ལོ་རིམ་གཉིས་པའི་སློབ་མ་ཀྲོའུ་མོང་ཐིང་ལ་རྒྱལ་ཡོངས་རང་བཞིན་གྱི་ཆེད་ལས་སློབ་ཁྲིད་རྩལ་ནུས་ཀྱི་འགྲན་བསྡུར་ཆེ་མོའི་ནང་རྒྱའི་སྐད་ཡིག་ཚོགས་ཆུང་གི་དམིགས་བསལ་བྱ་དགའ་ཐོབ་མ་ཐག་རེད།
ཀྲོའུ་མོང་ཐིང་སློབ་གྲྭ་གྱ་བཞི་ནས་ཡོང་བའི་འགྲན་ཞུགས་པ་670ཡི་ཁྲོད་ནས་གཟེངས་སུ་ཐོན་ཏེ་ཨང་དང་པོ་ཐོབ་པ་ནི། ཁོང་གིས་དུས་རྒྱུན་བརྩོན་པ་ལྷོད་མེད་བྱས་པ་ལས་བྱུང་བ་ཞིག་ཡིན་ལ། མཛུབ་ཁྲིད་དགེ་རྒན་གྱིས་སྐུ་ལས་བསྐྱོན་པ་དང་ཡང་ཁ་འབྲལ་ཐབས་མེད་པ་སྟེ། ཁོང་གིས“དགེ་རྒན་གྱིས་ངར་སྔོན་ནས་སློབ་མའི་སློབ་སྦྱོང་གི་གནས་ཚུལ་ལ་དོ་སྣང་བྱས་ཏེ་ཁོང་ཚོའི་དགའ་མོས་ཤེས་རྟོགས་ཀྱིས‘རྣག་ཐོག་གཙག་འཁེལ’ཡོང་བ་བྱེད་དགོས་པ་གསུངས་བྱུང”ཞེས་བཤད།
ཀྲོའུ་མོང་ཐིང་གི་སེམས་ལ་ནུབ་བྱང་དགེ་འོས་སློབ་ཆེན་ནུབ་རྒྱུད་དུ་གནས་ནའང་། དེ་ནས་གསོ་སྐྱོང་བྱས་པའི་སློབ་མ་གཞན་ལས་སྐྱོ་བ་མེད་པར་སེམས། “དགེ་རྒན་གྱིས་ང་ཚོར་མིག་མཐོང་ལག་ཟིན་གྱི་བྱ་བ་དགོས་པའི་སློབ་གསོ་སྐྱོན་གྱི་ཡོད། སློབ་མའི་དོན་དངོས་གནས་ལ་གཞིགས་ནས་སློབ་ཁྲིད་བྱེད་དགོས་ལ། ད་དུང་ང་ཚོ་ཡང་ཡང་ཕྱིར་བསྐྱོད་དེ་སློབ་གྲྭ་གཞན་དང་སྤེལ་རེས་མང་ཙམ་བྱེད་དགོས་པའི་ལྕག་སྐུལ་ཡང་བྱེད་ཀྱི་ཡོད”
“རང་ཉིད་ཆུང་དུས་ནས་དགེ་རྒན་ཞིག་བྱེད་འདོད་ཡོད། འཆད་སྟེགས་ཐོག་སློབ་ཁྲིད་བྱེད་པ་ནི་སློབ་གྲྭ་ཐོན་རྗེས་ཀྱི་ངའི་གདམ་བྱ་ཞིག་ཡིན”ཞེས་ཀྲོའུ་མོང་ཐིང་གིས་དེ་ལྟར་བཤད།
“ནར་སོན་རྗེས་ཁོ་བོའང་དགེ་རྒན་བྱེད་ཐུབ་སོང” རྨ་ཆུའི་འགྲམ་དུ་འཚར་ཞིང་ནུབ་བྱང་གི་བྱེ་རླུང་དྲག་པོ་ཉམས་སུ་མྱོང་བས། དེ་གའི་སློབ་མ་ཕལ་མོ་ཆེ་བརྩོན་པ་ཆེ་ལ་དགེ་རྒན་རྣམས་ཀྱང་སློབ་པར་མི་སུན་པ་ཞིག་ཡིན་པ་ལས་ཀྲོའུ་མོང་ཐིང་ནི་ཁོང་ཚོའི་ཁྲོད་ཀྱི་ཡ་གྱལ་ཞིག་རེད།
“ནུབ་རྒྱུད་ལ་ལོ་བཅུ་གྲངས་བསྡད་དེ་ང་ཚོས་སློབ་མ་ཁྲི་20ལྷག་གསོ་སྦྱོང་བྱས་ཡོད”ཅེས་ནུབ་བྱང་དགེ་འོས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེང་ཁེ་ཀུང་གིས་དེ་ལྟར་བཤད་ཅིང་། ཁོང་གིས་སློབ་མ་ཕལ་ཆེ་བ་སློབ་གྲྭ་ཐོན་རྗེས་ནུབ་བྱང་གི་དཀའ་ཚེགས་ཆེ་བའི་ས་ཆར་བསྡད་དེ་རྨང་གཞིའི་སློབ་གསོར་ཞབས་འདེགས་ཞུས་ནས་རང་ཉིད་ཀྱི་མི་ཚེ་དབུལ་ཞིང་རྗེས་ལུས་ཀྱི་ས་ཆར་ལེགས་སྐྱེས་ཕུལ་ཡོད་ཅེས་བཤད།
མཱ་ཅན་ཕིང་ཁོང་ཚོའི་ཁྲོད་ཀྱི་གཅིག་རེད། 1999ལོར་ནུབ་བྱང་དགེ་འོས་སློབ་ཆེན་ཐོན་རྗེས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་ལོག་པ་དང་། དེ་དུས་གཙོས་སློབ་འབྲིང་ལ་ད་ཆ་བཞིན་སྐར་ཁུང་གསལ་བའི་སློབ་ཁང་མེད་ལ། གུ་ཡངས་ཤིང་ཁོད་སྙོམས་པའི་ལུས་རྩལ་ཐང་ཡང་མེད་པར་སློབ་གྲྭ་ཐལ་འཚུབ་ཆེ་བ་ཞིག་ཡོད་པ་རེད།
“དགེ་རྒན་བྱ་རྒྱུ་ནི་ཁོ་བོའི་ཆུང་དུས་ཀྱི་འདུན་པ་ཡིན། ཀན་ལྷོའི་ཆ་རྐྱེན་དཀའ་ཚེགས་ཆེ་བ་དང་དགེ་རྒན་ཉུང་བས། ང་སློབ་གྲྭ་ཐོན་རྗེས་ཀན་ལྷོར་ལོག་པ་ཡིན”ཞེས་མཱ་ཅན་ཕིང་གིས་དེ་ལྟར་བཤད། ལོ་བཅུ་ལྷག་ཙམ་འདས་རྗེས་ཁོང་རིམ་བཞིན་ས་ཆ་དེར་ཞེན་པ་ཆེ་བར་གྱུར་ལ་སློབ་ཕྲུག་ལ་ལྷག་པར་དགའ་ཞེན་ཆེ་བའང་གྱུར།
ནུབ་བྱང་དགེ་འོས་སློབ་ཆེན་གྱིས་ཀན་སུའུ་དང་ཐ་ན་ནུབ་བྱང་ས་ཁུལ་ལ་ཅཱ་ཅན་ཕིང་དང་འདྲ་བའི་དགེ་རྒན་མང་པོ་གསོ་སྐྱོང་བྱས། ཉེ་བའི་ལོ་བཅུའི་རིང་། སློབ་གྲྭ་དེ་ནས་དགེ་འོས་སློབ་མ་22992ཐོན་པའི་ནང་། ཤིན་ཅང་ལ་1289དང་། མཚོ་སྔོན་ལ་327 ཉིང་ཞ་ལ་216 བོད་ལ་247བཅས་ལས་ཞུགས་བྱས་ཡོད།
ཀན་སུའུ་ཡི་རྫོང་དང་། གྲོང་ཁྱེར། ཆུས་བཅས་ཀྱི་དཔེ་སྟོན་སློབ་འབྲིང་86གི་60%ཡན་གྱི་རྐང་འཛིན་དགེ་རྒན་དང་། 80%ཡན་གྱི་ཆེས་མཐོའི་དགེ་རྒན་ཚང་མ་ནུབ་བྱང་དགེ་འོས་སློབ་ཆེན་ནས་ཐོན་པ་མ་ཟད། སློབ་གྲྭ་དེའི་ནུབ་བྱང་གྲངས་ཉུང་མི་རིགས་ཀྱི་དགེ་འོས་གསོ་སྦྱོང་ལྟེ་གནས་ནས་གྲངས་ཉུང་མི་རིགས་ཀྱི་དགེ་རྒན་ཁྲི་3ལ་ཉེ་བ་གསོ་སྦྱོང་བྱས་ཡོད།