2018ལོའི་ལོ་གསར་གྱི་གོང་དུ་འབུམ་རམས་པའི་ཞབས་ཞུ་ཚོགས་པ་ཁག་18པའི་ཁོངས་མི་ཞབས་འདེགས་ཞུ་ཡུལ་ཚན་པར་འབྱོར་ནས་དུས་ཡུན་ལོ་གཅིག་གི“ས་མཐོར་རིག་སྟོབས་ལེགས་སྐྱེས་འབུལ་བའི”ལས་ལ་གཞོལ་འགོ་ཚུགས།
1999ལོ་ནས་བཟུང་ཀྲུང་དབྱང་རྩ་འཛུགས་པུའུ་དང་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གིས་འབུམ་རམས་པའི་ཞབས་ཞུའི་ཚོགས་པ་ནུབ་རྒྱུད་དུ་ཞབས་འདེགས་ཞུ་བར་འདེམས་གཏོང་བྱས་པ་དང་། 2004ལོར་བོད་ཀྱིས་འབུམ་རམས་པའི་ཞབས་ཞུའི་ཚོགས་པ་དང་ལེན་བྱེད་འགོ་ཚུགས་ནས་མིག་སྔར་ཁག་14ཡི་འབུམ་རམས་པ་183གྱིས་བོད་དུ་ཞབས་འདེགས་ཞུས་པ་དང་འབུམ་རམས་པ་10ཙམ་གྱིས་ཞབས་ཞུའི་དུས་ཚོད་ཐིམས་རུང་བོད་དུ་ལས་ཀ་བྱས་ནས་བསྡད་ཡོད་པ་རེད།
“འབུམ་རམས་པའི་ཆེ་ཉམས་མ་སྟོན་པར་སེམས་ཆུང་ངང་སློབ་སྦྱོང་བྱེད” འབུམ་རམས་པའི་ཞབས་ཞུ་ཚོགས་པ་ཁག་17པའི་ཁོངས་མི་བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་ཐིང་ཀྲང་གཞོན་པ་ཀྲའོ་ཧུའེ་ཡིས་ཞབས་ཞུའི་དུས་ཚོད་རིང་དུ་བཏང་བ་དང་། ཁོང་གིས་ཚོགས་མི་ཚོར་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱས་ཏེ་བོད་ཀྱི་ལས་ཀའི་ཁོར་ཡུག་དང་འཚམ་པ་བྱ་རྒྱུའི་གྲོས་འགོ་བཏོན། བརྟག་ཞིབ་བྱས་པ་བརྒྱུད། ཁོང་གིས《ཕྱོགས་ཡོངས་ནས་ཆུ་དཔོན་ལམ་ལུགས་ལག་བསྟར་བྱེད་པའི་བོད་རང་སྐྱོང་ལྗོངས་ཀྱི་ལས་ཀའི་ཇུས་གཞི》ཟིན་བྲིས་འགོད་པ་དང་བོད་ལྗོངས་ཀྱི་ཆུ་དཔོན་ལམ་ལུགས་ཀྱི་ལས་ཀའི་ལམ་སྲོལ་མ་ལག་རགས་ཙམ་བཙུགས་ཏེ་ཀྲུང་གོར་སྔ་སྣུར་དུ་ཆུ་དཔོན་ལམ་ལུགས་ཀྱི་ཁྲིམས་འཛུགས་ལས་དོན་སྤེལ་བར་སྣེ་འཁྲིད་བྱས་པ་རེད།
“འབུམ་རམས་པའི་ཞབས་ཞུ་ཚོགས་པ་ནི་རྒྱུན་མཐུད་རྣམ་པའི་རིག་སྟོབས་བོད་སྐྱོར་ཞིག་རེད”འབུམ་རམས་པའི་ཞབས་ཞུ་ཚོགས་པ་ཁག་17པའི་ཚོགས་གཙོ་གཞོན་པ་ཝང་ཅུན་ཅེས་ཀྱང་ཞབས་ཞུའི་དུས་ཚོད་རིང་དུ་བཏང་ཡོད་པ་རེད། ཁོང་གིས་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་འབུམ་རམས་པ་12ཀྱིས་ཞབས་ཞུའི་དུས་ཚོད་རིང་དུ་བཏང་ཡོད་ཅེས་ངོ་སྤྲོད་བྱས། ཁོང་གིས་2004ལོ་ནས་བཟུང་། བོད་དུ་བརྟག་ཞིབ་བྱས་པ་དང་། 2016ལོར་བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་ཐིང་གི་ཐིང་ཀྲང་གཞོན་པའི་འགན་ཁུར་ནས་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་གནམ་དཔྱད་ཁང་སྟེ། བོད་ཀྱི་གནམ་དཔྱད་ཁང་བསྐྲུན་པ་རེད།
ཝང་ཅུན་ཅེ་ཡིས་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁྲོད“བོད་སྐྱོད་པ་རྒན་གྲས”ཇེ་མང་དུ་འགྲོ་བཞིན་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། འབུམ་རམས་པའི་ཞབས་ཞུ་ཚོགས་པ་ཁག་18པའི་ཁོངས་མི་ཀྲུང་གོ་རྒྱལ་ཁབ་གནམ་དཔྱད་ལས་ཁུངས་ཀྱི་མཐོ་རིམ་བཟོ་སྐྲུན་པ་ཞུས་ཀང་2010ལོ་ནས་ད་བར་བོད་དང་པེ་ཅིང་དབར་འགྲོ་འོང་བྱེད་པ་དང་། ཝང་ཅུན་ཅེ་དང་མཉམ་དུ་སའི་གོ་ལའི་ཕྱེད་བྱང་མའི་ས་བབ་མཐོ་ཤོས་ཀྱི་ཡཱ་ཧའོ་སྨི་རླབས་ཀྱི་རྒྱང་ཤེལ་གནམ་དཔྱད་ལས་ཁུངས་ཏེ། ཀྲུང་གོ་ཚན་རིག་ཁང་རྒྱལ་ཁབ་གནམ་དཔྱད་ལས་ཁུངས་ཡངས་པ་ཅན་ལྟ་དཔྱད་ཚད་འཇལ་ས་ཚིགས་བསྐྲུན་པའི་ནང་ཞུགས་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་རང་བྱུང་ཚན་རིག་དངོས་མང་སྟོན་ཚོགས་ཁང་གི་ཀོན་ཀྲང་གཞོན་པའི་འགན་ཁུར་བའི་ཞུས་ཀང་གིས་ཡིད་ཆེས་ཀྱིས་ཁེངས་བཞིན་བོད་ཀྱི་གནམ་དཔྱད་ཁང་འཛུགས་སྐྲུན་དང་བོད་ཀྱི་ཚན་རིག་ཁྱབ་གདལ་སོགས་ཁྱབ་ཁོངས་སུ་ལས་དོན་འབོར་ཆེན་སྒྲུབ་ཐུབ་རེ་བྱེད་ཀྱི་ཡོད་པ་རེད།
“ལང་ཚོའི་དུས་སུ་བོད་དུ་ལས་ཀ་བྱས་ནས་བསྡད” ཝང་ཅིན་ཝུའེ་ནི་ལོ་28ཡིན་པ་དང་འབུམ་རམས་པའི་ཞབས་ཞུ་ཚོགས་པ་ཁག་18པའི་ཁྲོད་ལོ་ཆུང་ཤོས་ཀྱི་ཁོངས་མི་ཞིག་ཡིན་པ་རེད། འབུམ་རམས་པའི་ཞབས་ཞུ་ཚོགས་པ་དེའི་ཆ་སྙོམས་ལོ་ཚད་42ཡིན་པ་དང་ལག་རྩལ་རིམ་པ་མཐོ་བའི་གོ་མིང་གཞོན་པ་དང་དེ་ཡན་གྱི་ཆེད་ལས་ལག་རྩལ་ཞབས་ཞུའི་འབུམ་རམས་པས་བཟུང་བའི་བསྡུར་གྲངས་70%ལས་བརྒལ་ཡོད་པ་རེད།
“བོད་དུ་ས་བབ་མཐོ་རུང་འབུམ་རམས་པའི་ལས་ཀའི་ཚད་གཞི་དམའ་རུ་གཏོང་མི་རུང་། བོད་ཀྱི་གནས་ཚུལ་དམིགས་བསལ་ཡིན་རུང་འབུམ་རམས་པར་བླང་བྱ་ནན་པོ་འདོན་པ་དང་དོ་དམ་ནན་པོ་བྱེད་པའི་ཐད་དམིགས་བསལ་བྱེད་མི་རུང” བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཀུའུ་ཆང་གིས་འབུམ་རམས་པ་ཚོས“སྙིང་སྟོབས་ཆེར་སྐྱེད་ཀྱི་བོད་དུ་ལས་ཀ་ཧུར་ཐག་བྱ་རྒྱུའི”རེ་བ་བྱེད་ཀྱི་ཡོད།