ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱས་ཏེ་གསར་གཏོད་རྣམ་པའི་བོད་ལྗོངས་མགྱོགས་མྱུར་སྐྲུན་དགོས།

སྤེལ་དུས 2020-06-30 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྕགས་བྱམས་ཀྱིས་བསྒྱུར།
 —— རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ།
          ཟླ་6ཚེས་28ཉིན་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་ཤིང་། ཚན་རྩལ་ལས་དོན་པ་ཁག་གཅིག་གིས་ཕུལ་བྱུང་གི་བློ་གྲོས་དང་ལེགས་སྐྱེས་ལ་བརྟེན་ནས་བོད་ལྗོངས་ཀྱི་ཚན་རྩལ་གསར་གཏོད་ཀྱི“མཁས་དབང་དཔུང་ཁག”ནང་བསྐྱོད་པ་དེས། ཚན་རྩལ་གསར་གཏོད་དང་ཚན་རྩལ་སྟོབས་ཆེན་ལྗོངས་ཀྱི་རླབས་ཆེན་ལག་ལེན་ནང་རྒྱ་ཆེའི་ཚན་རྩལ་མི་སྣ་དེ་བས་ལེགས་པའི་ངང་ཞུགས་རྒྱུར་སྐུལ་ལྕག་ཐེབས་ངེས་རེད། ང་ཚོས་ཚོགས་འདུ་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན་ལ། བྱ་དགའ་ཐོབ་མཁན་ལའང་སྙིང་དབུས་ནས་བསྔགས་བརྗོད་བྱ་རྒྱུ་མ་ཟད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་ལས་དོན་པ་དང་དུས་ཡུན་རིང་པོའི་ནང་བོད་ཀྱི་ཚན་རྩལ་བྱ་གཞག་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་ལས་རིགས་ཁག་གི་མི་སྣར་བླ་ན་མེད་པའི་གུས་འདུད་ཀྱང་ཞུ་རྒྱུ་ཡིན།
          ཏང་ཀྲུང་དབྱང་གིས་སྔ་ཕྱི་བར་གསུམ་དུ་ཚན་རྩལ་གསར་གཏོད་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མཐའ་སྐྱོང་བོད་བརྟན་དང་ཚན་རྩལ་གསར་གཏོད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་གསར་གཏོད་རྣམ་པའི་བོད་ལྗོངས་སྐྲུན་རྒྱུར་མུ་མཐུད་སྐུལ་འདེད་བཏང་བར་བརྟེན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་ཚན་རྩལ་གྱི་འདེགས་སྐྱོར་དང་སྣེ་ཁྲིད་ནུས་པ་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད། དཔལ་འབྱོར་འཕེལ་རྒྱས་ཐད། བོད་ནས་ཨང་2000སོགས་ཞིང་ལས་སྐྱེ་དངོས་ཀྱི་སྣ་ཁ་གསར་པ་སྐྱེད་སྲིང་དང་དཔེ་སྟོན་ཁྱབ་གདལ་བཏང་བ་དང་། སྣོད་བཅུད་སྲུང་སྐྱོང་ཐད། ཆེད་དོན་ཚན་རིག་རྟོག་ཞིབ་བྱེད་སྒོ་88ལ་སྐུལ་འདེད་གཏིང་ཟབ་བཏང་བ། དམངས་འཚོ་ལེགས་གཏོང་ཐད། ཚན་རྩལ་ཆེད་མངགས་པ་རྒྱལ་ཡོངས་ཀྱི་སྔོན་དུ་སྲིད་འཛིན་གྲོང་ཚོར་ཁྱབ་ཚད་100%ཟིན་ཡོད། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་འཕེལ་རྒྱས་མགྱོགས་སུ་ཕྱིན་པ་དང་། “གཉིས་གཏོད”ཀྱི་གཞི་རྟེན་སྣ་ཚོགས་131བསྐྲུན་པ། ཁེ་ལས་2129སྐྱོང་གསོ་བྱས་པ། མི་ཁྲི་1.54ལས་ཞུགས་ཐུབ་པ། ལྗོངས་ཡོངས་ཀྱི་ཚན་རྩལ་གྲུབ་འབྲས་འཕེལ་རྒྱས་ལ་མི་རྣམས་དགའ་འོས་པའི་རྣམ་པ་ཐོན་པ་བཅས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་པའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཡོད།
          འདི་ལོ་བོད་ལྗོངས་ཀྱིས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་དུས་བབ་གསར་པ་དང་ལས་འགན་གསར་པའི་འོག ང་ཚོས་ཚན་རྩལ་གསར་གཏོད་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ས་གཙོ་བོ་དང་ཕྱོགས་ཡོངས་ནས་མཉམ་འདྲེས་བྱས་ཏེ་ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས།  ཚན་རྩལ་གསར་གཏོད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་དང་འཚམ་པའི་ས་ཁོངས་ཀྱི་གསར་གཏོད་མ་ལག་དང་ཚན་རྩལ་ཁྱབ་གདལ་བཀོལ་སྤྱོད་མ་ལག་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། “བརྟན་པོ་དྲུག”གི་ལས་དོན་ལ་སྐུལ་འདེད་གཏོང་བ། “འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱེད་པའི་ཁྲོད་ཀྱི་ཚན་རྩལ་གསར་གཏོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བཅས་བྱས་ཏེ། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་ཚན་རྩལ་གྱི་སྟོབས་ཤུགས་དེ་བས་མང་བ་ལེགས་སྐྱེས་འབུལ་དགོས།
          གསར་གཏོད་ནི་སྒུལ་ཤུགས་ཨང་དང་པོ་ཡིན། ཚན་རྩལ་དར་རྒྱས་བྱུང་ན་མི་རིགས་དར་རྒྱས་ཡོང་བ་དང་། ཚན་རྩལ་སྟོབས་འབྱོར་ལྡན་ན་རྒྱལ་ཁབ་སྟོབས་འབྱོར་ལྡན་ཐུབ། ཚན་རྩལ་གྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཚན་རྩལ་གསར་གཏོད་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ། ཚན་ཞིབ་བྱེད་པོའི་རང་བདག་དབང་ཆ་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཚན་རྩལ་གྱི་གསོན་ཤུགས་འཕེལ་བ་བྱེད་དགོས། སྣ་མང་ཅན་གྱི་ཚན་རྩལ་གྱི་མ་འཇོག་ལམ་སྲོལ་འཛུགས་རྒྱུ་འཚོལ་ཞིབ་བྱེད་པ་དང་། སྲིད་གཞུང་གི་མ་འཇོག་གཙོ་ཁྲིད་དུ་བྱེད་པ། ཁེ་ལས་དང་ཚན་ཞིབ་སློབ་གླིང་དང་སློབ་གྲྭའི་མ་འཇོག་གཙོ་བོར་བཟུང་བ། ཁྲོམ་རའི་མ་དངུལ་བསྡུ་སྒྲིལ་དང་ཉེན་ཁུར་མ་འཇོག་འདེགས་སྐྱོར་དུ་བྱེད་པ་བཅས་ཀྱི་སྣ་མང་ཅན་གྱི་ཚན་རྩལ་མ་འཇོག་མ་ལག་རིམ་གྱིས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། ཐོན་ལས་འཕེལ་རྒྱས་གཏོང་བར་དམིགས་ཏེ་གཙོ་གནད་ཁྱབ་ཁོངས་ཀྱི་ཚན་རྩལ་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ་དང་། ནས་ཐོན་འཕར་དང་། འབྲི་གཡག་རྒྱགས་གསོ། ལྗོངས་ཡོངས་ཀྱི“ཐོན་ལས་ཆེན་པོ་བདུན”འཛུགས་སྐྲུན་བཅས་ལ་དམིགས་ནས་འདེགས་སྐྱོར་གྱི་ནུས་པ་མངོན་གསལ་ལྡན་པའི་གསར་གཏོད་ཀྱི་གྲུབ་འབྲས་ཁག་གཅིག་སྔ་ཙམ་ཆགས་པ་བྱེད་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་ལས་འགན་གལ་ཆེན་ལ་དམིགས་ནས་ཚན་རྩལ་འགན་ལེན་དང་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབ་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་མཚོ་བོད་ཚན་རིག་རྟོག་ཞིབ་བྱེད་ཐེངས་གཉིས་པར་སྤྲིངས་གནང་བའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་བོད་ལྗོངས་ཀྱི་ཚན་རིག་རྟོག་ཞིབ་ཞབས་ཞུའི་འགན་ལེན་ལམ་སྲོལ་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་དགོས།
          གསར་གཏོད་ཀྱིས་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་ཚན་རྩལ་གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོ་ཤེས་ལྡན་མི་སྣར་ཐུག་ཡོད། ཚན་རྩལ་བོད་དར་དང་ཤེས་ལྡན་མི་སྣའི་སྟོབས་ཆེན་ལྗོངས་བསྐྲུན་པའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཏེ། རྒྱལ་ཁབ་ཀྱི་ཤེས་ལྡན་མི་སྣའི་འཆར་འགོད་བྱེད་ཐབས་སྤྱི་འདོམས་ངང་ཡག་པོ་སྤྱོད་པ་དང་། རྣམ་གྲངས་འབྲེལ་ཐག་ཏུ་བྱེད་པ་དང་སྟེགས་བུ་གཞི་རྟེན་དུ་བྱེད་པ། རྩེར་སོན་ཚན་རྩལ་མི་སྣ་ནང་འདྲེན་བྱ་རྒྱུ་འཚོལ་ཞིབ་བྱེད་པ། ནང་སའི་ཚན་རྩལ་ཤེས་ལྡན་མི་སྣ་དང་སྤེལ་རེས་མཉམ་ལས་བྱེད་པའི་ཕུགས་ཕན་ལམ་སྲོལ་ཆགས་པ་བཅས་བྱས་ནས་བོད་ལྗོངས་ཀྱི་མཐོ་རིམ་ཚན་རྩལ་ཤེས་ལྡན་མི་སྣའི་དཔུང་ཁག་སྟོབས་ཆེར་གཏོང་དགོས། ཚན་རྩལ་མི་སྣས་རྣམ་གྲངས་དང་ལག་རྩལ་ལ་བརྟེན་ནས་ཐོན་སྐྱེད་ཀྱི་འཐབ་ཕྱོགས་དང་པོར་ལག་རྩལ་གྱི་ཞབས་འདེགས་ཞུ་བ་དང་གསོ་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་དང་སྐུལ་ལྕག་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་དགོས། ཚན་རྩལ་ཆེད་མངགས་པ་སྔར་བས་ལེགས་པར་སྤྱད་དེ། ཏང་གི“ཞིང་གསུམ”སྲིད་ཇུས་དྲིལ་བསྒྲགས་དང་། ཚན་རྩལ་གྱི་གནད་སྨིན་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བ། ཞིང་འབྲོག་ཁུལ་གྱི་ཚན་རྩལ་ཞབས་ཞུའི་མ་ལག་བསྐྲུན་པ། ཞིང་འབྲོག་པའི་ཆེད་ལས་རྩ་འཛུགས་སྐྱེད་སྲིང་བྱེད་པ། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་བ། ཞིང་འབྲོག་པའི་རང་ངོས་འཕེལ་རྒྱས་ནུས་པ་ཆེ་རུ་གཏོང་བ་བཅས་ཁྲོད་ཀྱི་ཚན་རྩལ་ཆེད་མངགས་པའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གྲངས་འབོར་ངེས་ཅན་ལྡན་པ་དང་། གྲུབ་ཆ་ལུགས་མཐུན། བྱང་ཚད་ལེགས་པ་བཅས་ཀྱི་ཚན་རྩལ་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་གསོ་སྐྱོང་ཧུར་ཐག་བྱེད་དགོས།
          ཚན་རིག་ལག་རྩལ་གྱིས་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ལ་ད་ཆ་ལྟ་བུའི་ཤུགས་རྐྱེན་གཏིང་ཟབ་པོ་ཐེབས་མྱོང་མེད་ལ། མི་དམངས་ཀྱི་འཚོ་བའི་བདེ་སྐྱིད་ལ་ད་ཆ་ལྟ་བུའི་ཤུགས་རྐྱེན་གཏིང་ཟབ་པོ་ཐེབས་མྱོང་མེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དཀའ་སྤྱད་འབད་འཐབ་དང་གསར་འབྱེད་གསར་གཏོད་དང་གསར་གཏོད་རྣམ་པའི་བོད་ལྗོངས་བསྐྲུན་རྒྱུའི་གོམ་སྟབས་མགྱོགས་སུ་བཏང་སྟེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་གྱི་བོད་ཀྱི་ལེའུ་རྩོམ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།