བོད་ལྗོངས་མངའ་རིས་ས་ཁུལ་རུ་ཐོག་རྫོང་གི་དེ་སྔའི་སྲིད་གྲོས་ཀྱི་ཨུ་ཡོན་དབུས་པ་ཕུན་ཚོགས་རྣམ་རྒྱལ་ཁྱིམ་རྒྱུད་ཀྱི་མི་རབས་ལྔས་རྒྱལ་གཅེས་མཐའ་སྲུང་དང་དམག་བཀུར་དམངས་གཅེས་བྱས་པའི་སྐོར་གྱི་དངོས་བྲིས།
དོན་དག་གཅིག མི་རབས་ལྔ། ལོ་བརྒྱ་གྲངས།
ཚེ་རིང་སྒྲོལ་དཀར་དང་བུ་ཕྲུག་6གི་མཉམ་པར་ཡིན་པ་དང་། གཡོན་གྱི་གཉིས་པ་ནི་སྐལ་བཟང་གཡུ་སྒྲོན་དང་གཡས་ཀྱི་དང་པོ་ནི་ཆོས་ངག་ཡིན་པ།
བོད་ལྗོངས་རུ་ཐོག་རྫོང་དུ་ཡོད་པའི་དབུས་པ་ཕུན་ཚོགས་རྣམ་རྒྱལ་གྱིས་མཚོན་ཁྱིམ་རྒྱུད་ནི་ངོ་མཚར་ཆེ་བ་ཞིག་ཡིན་ཏེ། ཁོ་ཚོའི་ཁྱིམ་རྒྱུད་ཀྱི་མི་རབས་ལྔས་དུས་རབས་གཅིག་ལྷག་ཙམ་གྱི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོར་སྔ་བར་ཕྱི་གསུམ་དུ་མེས་རྒྱལ་གྱི་མཐའ་མཚམས་སྲུང་བའི་དོན་དག་དེ་ཁོ་ནར་གཞོལ་ཡོད།
མི་རབས་དང་པོ། ལྷས་རར་བརྟེན་ནས་མཐའ་མཚམས་སྲུང་མཁན་བསམ་འཕེལ་ནོར་བུ།
1882ལོར་བསམ་འཕེལ་ནོར་བུ(དབུས་པ་ཕུན་ཚོགས་རྣམ་རྒྱལ་གྱི་སྤོ་བོ)དབུས་བྱང་གྲོང་ཚོའི་ཁོངས་གཏོགས་ཀྱི་མཁར་ནག་རྒྱུད་དུ་སྐྱེས་ཤིང་། གནས་དེར་སྐྱེ་འཚར་བྱུང་བའི་ཁོང་གིས་དེ་གའི་གངས་རི་རེ་རེ་དང་ཆུ་མོ་རེ་རེར་རྒྱུས་མངའ་ཤིན་ཏུ་ཆེན་པོ་ཡོད་པ་མ་ཟད། ཐ་ན་ས་དང་རྡོ། རྩྭ་རྩི་ཤིང་རེ་རེ་ལའང་རྒྱུས་མངའ་ཆེན་པོ་ཡོད།
1902ལོར་ལོ་20ལ་སླེབས་མ་ཐག་པའི་བསམ་འཕེལ་ནོར་བུ་ཕྱུགས་འཚོ་སྐབས། ཁྱིམ་མཚེས་རྒྱལ་ཁབ་ཀྱི་འབྲོག་པའི་ཕྱུགས་འཚོ་ཡུལ་རིམ་བཞིན་རང་ཉིད་ཀྱི་ཕྱོགས་སུ་རྒྱ་སྐྱེད་གཏོང་གི་ཡོད་པ་ཤེས། ཁོང་གིས་ཕ་རོལ་པོར་གནས་ལུགས་བཤད་རུང་། ཕ་རོལ་པོས་ས་ཆ་སྦར་མཐིལ་ཙམ་ཡང་ཕྱིར་འཐེན་མ་བྱས།
གནད་དོན་དེ་ཐག་གཅོད་མ་ཐུབ་པས། དེའི་རིང་བསམ་འཕེལ་ནོར་བུ་བཟས་པའི་བཅུད་དང་ཉལ་བའི་གཉིད་བྲལ། ཉིན་ཞིག་གི་ནམ་ཕྱེད་ཙམ་ལ་ཁོང་གིས་མལ་ལས་ལངས་ཏེ་ལུག་ཁྱུར་ལྟ་བར་ཕྱིན་པས། གློ་བུར་དུ་ཁོང་ལ་མཐའ་མཚམས་སུ་ལྷས་ར་བརྒྱབ་ནས་གཏན་འཇགས་ཀྱི་མཚོན་རྟགས་ཤིག་བཟོས་ཏེ། ས་ཆ་དེ་གའི་ཀྲུང་གོའི་བདག་དབང་གསལ་བསྒྲགས་བྱེད་དགོས་པའི་བསམ་བློ་འཁོར། སྐབས་དེ་དུས་དགུན་ཁ་ཡིན་རུང་སྙིང་རུས་ཆེ་བའི་བསམ་འཕེལ་ནོར་བུས་གངས་རི་དང་གཙང་པོ་མང་པོ་བརྒལ་ཏེ། ས་ཆ་འཚམ་པོ་ཞིག་བཙལ་ཅིང་། མཐའ་མཚམས་དང་བར་ཐག་སྤྱི་ལེ་20ལས་མེད་པའི་སར་ལྷས་ར་བརྒྱབ་པ་མ་ཟད། སྤྱི་ལེ་100ཡི་སར་ཡོད་པའི་ཁྱིམ་ཡང་དེ་གར་སྤོས་ནས་འཚོ་བ་ལོ་50ལྷག་ཙམ་བསྐྱལ།
མི་རབས་གཉིས་པ། སྐྱེས་པ་ལས་འཇོན་ཐང་ཆེ་བའི་དེང་གི་དཔའ་མོ་བསྟན་མགྲིན་དབང་མོ།
བསྟན་སྒྲོན་དབང་མོ་ནི་བསམ་འཕེལ་ནོར་བུའི་བུ་མོ་ཆུང་བ་རེད། ན་སོ་དར་ལ་བབས་པའི་ཁོང་དང་ཡུལ་གཞན་གྱི་བུ་ཞིག་གཉེན་སྒྲིག་བྱས་རྗེས་ཕྲུ་གུ་7ཡོད་པ་དང་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་ཡོད། འོན་ཀྱང་སྐྱིད་པའི་དུས་ཡུན་འཇའ་དང་འདྲ་ཞེས་པའི་དཔེ་ལྟར། བཟའ་ཟླ་བཟུང་སྟེ་སྡུག་ལས་བྱེད་པར་ཁྲིད་པ་ནས་བཟུང་། བཟའ་ཟླའི་སྐོར་གོ་རྒྱུ་ཐོས་རྒྱུ་མེད་པར་གྱུར། དེ་ནས་བཟུང་བསྟན་སྒྲོན་དབང་མོས་བུ་ཕྲུག་ལ་ལྟ་རྟོག་བྱེད་ཞོར་ཕྱུགས་འཚོ་བ་དང་། མ་གཞི་འཚོ་བར་དཀའ་ངལ་ཆེ་ཙམ་ཡོད་ཀྱང་། ཁོང་གི་ཞུམ་པ་མེད་པའི་སྙིང་སྟོབས་ལ་ཉམས་པ་གང་ཡང་བྱུང་མེད།
ཐེངས་ཤིག་ཕྱུགས་འཚོ་སྐབས་བསྟན་སྒྲོན་དབང་མོས་ཁྱིམ་མཚེས་རྒྱལ་ཁབ་ཀྱི་འབྲོག་པས་རང་ཉིད་ཀྱི་འབྲོག་རར་ཕྱུགས་འཚོ་བ་མཐོང་འཕྲལ། ཕ་རོལ་པོར་ཕྱིར་འཐེན་བྱེད་དགོས་ལུགས་བཤད། ཕ་རོལ་པོས་ཁོང་བུད་མེད་ཅིག་ཡིན་པ་ཤེས་རྗེས། སྣང་བ་གང་ཡང་མ་བཏང་བར་མུ་མཐུད་ཕྱུགས་འཚོས། དེ་དུས་བསྟན་སྒྲོན་དབང་མོས་ཕྱིར་བཤོལ་གཏན་ནས་མ་བྱས་པར། ཁོང་གི་དྲན་པའི་ཀློང་དུ་སྔོན་ཆད་ཕས་རང་ཉིད་ལ་བཤད་པའི་སྐད་ཆ་དུམ་བུ་ཞིག་འཆར་བ་སྟེ། དཔའ་བློ་ཁོག་ཆེ་ཙམ་མ་བྱས་ན་གཞན་གྱིས་མཐོང་ཆུང་ཤོད་རྒྱུ་ཉག་གཅིག་རེད། མཐའ་མཚམས་སྲུང་བར་ཕོ་མོའི་དབྱེ་བ་མེད་ཅེས་པ་འདི་རེད།
ཕ་རོལ་པོ་ནི་རང་ཉིད་ལས་གཟུགས་སྟོབས་ཆེ་བ་ཡོད་མོད། འོན་ཀྱང་ཁོང་གིས་འུར་རྡོ་གཞུས་པས། ཕ་རོལ་པོས་འུར་རྡོ་ཤུགས་ཀྱིས་འཕྲོག་ནས་རྒྱང་རིང་དུ་དབྱུགས། དེ་རྗེས་བསྟན་སྒྲོན་དབང་མོས་སླར་ཡང་མདུན་དུ་མཆོངས་ནས་ཕ་རོལ་པོའི་སྟོད་གོས་ནས་བཟུང་། མཐར་འབྲོག་པ་དེས་རང་ཉིད་ཀྱི་ལུག་ཁྱུ་དེད་ནས་ཕྱིར་ལོག དུས་དེ་ནས་བཟུང་བསྟན་སྒྲོན་དབང་མོར་དབུས་བྱང་གི་དཔའ་མོ་ཞེས་པའི་མིང་གྲགས།
“དབུས་བྱང་གྲོང་ཚོར་བསྟན་སྒྲོན་དབང་མོའི་བྱས་རྗེས་མི་ཤེས་མཁན་ཧ་ལམ་མེད། ཁོང་ནི་ཚང་མའི་སེམས་དབུས་ཀྱི་དཔའ་མོ་རེད་ལ། དེ་བས་ཀྱང་གྲོང་ཚོ་ཡོངས་ཀྱི་སྤོབས་པའང་རེད”ཅེས་དབུས་བྱང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཁ་ཀེ་ཏེར·ཁྲ་ཀན་པེ་ལི་ཁེས་བཤད།
མི་རབས་གསུམ་པ། ནུས་ཤུགས་ཡོད་རྒུས་མི་རབས་གོང་མར་རྒྱབ་སྐྱོར་བྱས་ནས་རྒྱལ་ཁབ་ཀྱི་རྔམ་བརྗིད་མངོན་པར་བྱེད་མཁན་དབུས་པ་ཕུན་ཚོགས་རྣམ་རྒྱལ།
བློ་མཐུན་ཡོན་གོ་ཞང་གིས་བརྩམས་པའི《ངོ་མཚར་ཆེ་བའི་མངའ་རིས》ཞེས་པའི་དཔེ་དེབ་ཀྱི་བར་བཅུག་རི་མོ་སྟེ། དབུས་པ་ཕུན་ཚོགས་རྣམ་རྒྱལ(གཡས་ཀྱི་གཉིས་པ)གྱིས་བཅིངས་འགྲོལ་དམག་ལ་དངོས་ཟོག་དབོར་རོགས་བྱེད་བཞིན་པ།
དུས་རབས་གོང་མའི་ལོ་རབས་ལྔ་བཅུ་པར་རྒྱུན་འཛིན་བ་མི་རབས་གསུམ་པ་བསྟན་སྒྲོན་དབང་མོའི་བུ་དབུས་པ་ཕུན་ཚོགས་རྣམ་རྒྱལ་གྱིས་དཔའ་ངར་ཆེན་པོས་ཁྱིམ་རྒྱུད་ཀྱི་མཐའ་སྲུང་རྒྱལ་སྲུང་གི་ལོ་རྒྱུས་ཀྱི་འགན་འཁྲི་དང་བྱ་གཞག་རྒྱུན་འཛིན་བྱས་ཏེ། ཀྲུང་ཧྭའི་བུ་ཕྲུག་གིས་རྒྱལ་ཁབ་ཀྱི་རྔམ་བརྗིད་མངོན་པར་བྱེད་པའི་དཔའ་བོའི་གླུ་དབྱངས་བླངས།
ལོ་ཞིག་མཐའ་སྲུང་ལེན་ཤོག་དབར་དམག་སྤྱོད་དངོས་རྫས་དབོར་དགོས་པ་དང་། དཔུང་སྡེར་འགྲིམ་འགྲུལ་ཡོ་ཆས་མེད་རྐྱེན། དབུས་པ་ཕུན་ཚོགས་རྣམ་རྒྱལ་གྱིས་རང་འགུལ་ངང་རྟ་དང་། གཡག ཁྱིམ་མི་རྒན་གཞོན་བཅས་ཁྲིད་དེ། སྤྱི་ལེ་80ཡི་ལམ་དུ་དངོས་རྫས་ཕར་སྐྱེལ་ཚུར་སྐྱེལ་ཐེངས་གཉིས་བྱས་ཏེ། དུས་ཐོག་ཏུ་དཔུང་སྡེར་དམག་དོན་མཁོ་ཆས་སྐྱེལ་འདྲེན་དཀའ་བའི་གནད་དོན་ཐག་གཅོད་བྱེད་རོགས་བྱས།
ལོ་ཞིག་ཁྱིམ་མཚེས་རྒྱལ་ཁབ་ཀྱི་དཔུང་སྡེའི་སོ་ལྟ་ཁང་སྤོ་སྐབས། དབུས་པ་ཕུན་ཚོགས་རྣམ་རྒྱལ་གྱིས་དཀའ་བ་དཔག་མེད་སྤྱད་དེ་དཔུང་སྡེར་ཕ་རོལ་པོའི་རྟེན་གཞིར་མྱུལ་ཞིབ་བྱེད་རོགས་བྱས་པ་མ་ཟད། ད་དུང་ཁྱིམ་གྱི་ཕྱུགས་ཟོག་བསྐོངས་ཏེ་དཔུང་སྡེར་དམག་རྒྱགས་རྟ་ཆག་དབོར་རོགས་བྱས་པ་དང་། དཔུང་སྡེར་ཕྱར་བ་གྲུ་འདེགས་ཀྱིས་དཀའ་གནད་ལས་བསྒྲལ་བར་དཔུང་སྡེའི་འགོ་ཁྲིད་ཀྱི་གཟེངས་བསྟོད་ཐོབ་པ་རེད།
དབུས་པ་ཕུན་ཚོགས་རྣམ་རྒྱལ་གྱིས་སྔོན་མ་བཅིངས་འགྲོལ་དམག་ལ་གནས་ཚུལ་གསལ་བཤད་བྱེད་སྐབས་ཀྱི་པར་དེ་དག་ནང་མིས་ཆེ་རུ་བཏང་ནས། པར་སྒྲོམ་དུ་བཅུག་རྗེས་ཚོམས་ཆེན་གྱི་མངོན་ཆེ་སར་བཀལ་བ།
ལྷག་པར་དུ་ཁོང་གིས་དཔུང་སྡེར་དངོས་ཟོག་སྐྱེལ་འདྲེན་དང་ལམ་སྣེ་ཁྲིད་པའི་སྐོར་གྱི་ཚོན་ཁྲ་མེད་པའི་འདྲ་པར་མང་པོ་ཞིག་མངའ་རིས་ཀྱི་ཉེ་དུས་དང་དེང་དུས་ཀྱི་ལོ་རྒྱུས་དེབ་ཐེར་དུ་མང་པོ་བཀོད་ཡོད་པ་ལས། འདྲ་པར་གཅིག་བཀྲུས་ཏེ་ཆེ་རུ་བཏང་ནས་དབུས་བྱང་གྲོང་ཚོའི་ཁང་པ་རྙིང་པའི་ཚོམས་ཆེན་དུ་བཀལ། ཁོང་གི་བུ་རབས་ཚ་བརྒྱུད་ཡིན་ནའང་འདྲ། ཡང་ན་ཁྱིམ་དུ་ཡོང་མཁན་མགྲོན་པོ་ཡིན་ཡང་རུང་། ཚང་མས་འདྲ་པར་དེ་མཐོང་སྐབས། ངོ་མཚར་ཅན་གྱི་མི་སྣ་དེར་སྙིང་ཁོང་རུས་པའི་གཏིང་ནས་དད་གུས་སྐྱེ་ཡི་ཡོད།
1984ལོར་དབུས་པ་ཕུན་ཚོགས་རྣམ་རྒྱལ་རུ་ཐོག་རྫོང་གི་སྲིད་གྲོས་ཨུ་ཡོན་ལ་བདམས་པ་དང་། 2008ལོའི་ཟླ་2ཚེས་2ཉིན་ཚེ་ལས་མ་འདས་བར་ཨུ་ཡོན་བྱས། ཚེ་ལས་འདའ་སྐབས་ལོ་79རེད། དབུས་པ་ཕུན་ཚོགས་རྣམ་རྒྱལ་ཚེ་ལས་འདས་རྗེས། ཁོང་གི་བཟའ་ཟླ་ཚེ་རིང་སྒྲོལ་དཀར་གྱིས“ཁོང་གསོན་པོར་སྡོད་སྐབས་དཀའ་ལས་ཁག་པོ་བྱུང་སོང”ཞེས་བཤད།
མི་རབས་བཞི་པ། མངའ་རིས་འཛུགས་སྐྲུན་གྱི་ལེའུ་གསར་པ་རྩོམ་མཁན་ཆོས་ངག་དང་སྐལ་བཟང་གཡུ་སྒྲོལ།
ཆོས་ངག་དང་སྐལ་བཟང་གཡུ་སྒྲོལ་གྱིས་དབུས་བྱང་གྲོང་ཚོའི་མཁར་སྣར་མེས་པོ་བསམ་འཕེལ་ནོར་བུས་དེ་སྔ་བརྒྱབ་པའི་ལྷས་ར་འཚོལ་བཞིན་པ།
དབུས་པ་ཕུན་ཚོགས་རྣམ་རྒྱལ་གྱི་བུ་ཆུང་བ་ཆོས་ངག་དང་བུ་མོ་ཆུང་བ་སྐལ་བཟང་གཡུ་སྒྲོལ་མི་རབས་འདིས་རང་འཁྲིའི་ལས་ལ་གཞིས་ཚུགས་ནས་ཕ་ཡུལ་གྱི་དར་རྒྱས་དང་བརྟན་ལྷིང་ལ་མི་ཚེ་ཕྱེད་ཀ་ལྷག་ཙམ་སྐྱེས་སུ་ཕུལ་ཡོད།
ཆོས་ངག་ལོ་10ལ་སློབ་གྲྭར་བསྐྱོད་པ་དང་1991ལོར་བོད་ལྗོངས་སློབ་ཆེན་གྱི་བོད་ཡིག་ཚན་ཁག་ནས་ཐོན། ཁོང་ནི་ཁྱིམ་རྒྱུད་ཀྱི་མི་རབས་གཅིག་པའི་ཁྲོད་ནས་མཐོ་རིམ་སློབ་གསོ་འཐོབ་མཁན་གཅིག་པུ་དེ་རེད། ཆོས་ངག་ཆུང་དུས་ནས་ཕ་མེས་ཚོས་མཐའ་མཚམས་བརྟན་སྲུང་དང་པ་ཕས་དཔུང་སྡེར་རོགས་སྐྱོར་བྱས་པའི་སྐོར་ཉན་ནས་འཚར་ལོངས་བྱུང་ཞིང་། ཁྱིམ་སྲོལ་གྱི་ཤུགས་རྐྱེན་བཟང་པོའི་འོག་ཁོང་གིས“ཕ་ཡུལ་འཛུགས་སྐྲུན་བྱེད་པ་ནི་མེས་རྒྱལ་གྱི་མཐའ་མཚམས་སྲུང་བ་དེ་ཡིན་པའི”མི་ཚེའི་ཕུགས་བསམ་བཏོད་ཡོད།
ལས་ཀར་ཞུགས་རྗེས་ཚན་རྩལ་གྱི་འཐབ་སར་ཆོས་ངག་གིས་བྱས་རྗེས་མི་ཉུང་བ་བཞག་པ་དང་། ད་ཆ་ས་ཁུལ་ཚན་རྩལ་ཅུས་ཀྱི་ཏང་ཙུའི་ཁོངས་མི་དང་ཅུས་ཀྲང་གཞོན་པ་རེད། ཁོང་གིས་དཔུང་ཁག་འཛུགས་སྐྱོང་ཨང་དང་པོར་བཞག་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། གདན་ཞུ། ཡག་པོ་སྤྱོད་པ་བཅས་ལྷུ་ཚིགས་གསུམ་ནས་འགོ་བཙུགས་ཏེ། གྲོང་ཚོ(གྲོང་ལྷན)134ལ་ཚན་རྩལ་ཆེད་མངགས་པ་268བཀོད་སྒྲིག་བྱས་ནས། ཞིང་འབྲོག་དང་། དབུལ་སྐྱོར། ཆུ་བེད་སོགས་སྡེ་ཚན་གྱི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་འདེགས་སྐྱོར་བྱས་པ། ཚན་རྩལ་གྲུབ་འབྲས་དངོས་ཡོད་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་སྒྱུར་བའི་གོམ་སྟབས་མགྱོགས་སུ་བཏང་བ། ཚན་རིག་ཁྱབ་གདལ་དང་དྲིལ་བསྒྲགས་གཞིར་བྱས “ཞིང(འབྲོག)དུད+མཐུན་ཚོགས”ཀྱི་འཁོར་སྐྱོད་རྣམ་པ་འཚོལ་ཞིབ་ཧུར་ཐག་བྱས་ནས། ཚན་རྩལ་ཁྱབ་གདལ་གྱི་དཔེ་སྟོན་རྟེན་གཞིས་གཞི་རྟེན་དང་། རྫོང་དང་། ཤང་། གྲོང་ཚོ། དུད་ཚང་བཅས་རིམ་པ་བཞིར་ཁྱབ་པའི་ཁྱབ་གདལ་དང་མཐོར་གཏོང་ཟུང་འབྲེལ་གྱི་ཚན་རྩལ་ཁྱབ་གདལ་མ་ལག་རགས་ཙམ་ཆགས་པར་བྱས་པ་རེད།
ཆོས་ངག་གིས“ལས་ཀ་བྱས་ནས་ལོ་20ལྷག་ཙམ་རིང་། ལྷ་སར་ལས་སྒྱུར་བྱེད་པའི་གོ་སྐབས་བྱུང་མོད། འོན་ཀྱང་ཕ་ཡུལ་ནི་རང་ཉིད་གསོ་སྐྱོང་བྱེད་སའི་ས་ཆ་ཡིན་ལ། པ་ཕ་དང་ཕ་མེས་ཚོས་འབད་འཐབ་བྱེད་མྱོང་བའི་ས་ཆ་ཞིག་ཀྱང་ཡིན་པས། འདི་ནས་ཁ་བྲལ་འདོད་མི་འདུག”ཅེས་བཤད།
མི་རབས་ལྔ་པ། ཐོག་མའི་བསམ་འདུན་ལ་འགྱུར་ལྡོག་མ་བཏང་བར་སླར་ཡང་རྡོག་ཐོན་བྱེད་མཁན་རིག་དཔལ་ཀུན་གྲགས་དང་པད་མ་དགྲ་འདུལ།
ཁྱིམ་རྒྱུད་ཀྱི་མི་རབས་ལྔ་པ་རབ་འཕེལ་ཀུན་གྲགས་ཀྱིས་ལས་ཀ་བྱེད་བཞིན་པ།
ད་ཆ་ནི་དྲ་ཐོག་གྲགས་ཅན་གྱི་དཔལ་འབྱོར་དར་རྒྱས་དང“ལོ་ཆུང་གྲགས་ཅན”མང་པོ་ཐོན་པའི་དུས་རབས་ཤིག་ཡིན་མོད། འོན་ཀྱང་ཆོས་ངག་དང་སྐལ་བཟང་གཡུ་སྒྲོལ་རང་རང་སོ་སོའི་བུ(དབུས་པ་ཕུན་ཚོགས་རྣམ་རྒྱལ་གྱི་ཚ་བོ)རབ་འཕེལ་ཀུན་གྲགས་དང་པད་མ་དགྲ་འདུལ་གྱི་ལུས་ནས་ཁྱིམ་རྒྱུད་དེ་ཁོ་ནར་ཡོད་པའི་བབ་ཆགས་དང་ལེགས་སྐྱེས་འབུལ་སྤྲོ་བའི་གཤིས་རྒྱུད་ང་ཚོས་མཐོང་ཐུབ།
རབ་འཕེལ་ཀུན་གྲགས་འདི་ལོ་ལོ་26ལ་སླེབས་པ་དང་། 2018ལོར་པེ་ཅིང་འགྲིམ་འགྲུལ་སློབ་ཆེན་ནས་ཐོན། དམའ་འབྲིང་ནས་ནང་སའི་སློབ་གྲྭ་འགྲིམས་པས། ཆུང་དུས་སྤོ་བོ་ལགས་ཀྱིས་བཤད་པའི་གཏམ་རྒྱུད་ནས་ཕ་ཡུལ་གྱི་སྐོར་རེ་ཟུང་ལས་དེ་ཙམ་གསལ་པོ་ཞིག་ངེས་ཀྱི་མེད། སློབ་གྲྭ་ཐོན་རྗེས། ཁོང་ལྷ་སར་ཡོད་པའི་གཞུང་ཁོངས་ཁེ་ལས་ཆེ་གྲས་ཤིག་ཏུ་ཚུད་ཀྱང་། བློས་བཏང་ནས་ཕ་ཡུལ་གྱི་ཁེ་ལས་ཤིག་ཏུ་ལས་ཀ་བྱེད་པར་ཕྱིན།
ད་ལོ་ལོ་93ལ་སླེབས་པའི་དབུས་པ་ཕུན་ཚོགས་རྣམ་རྒྱལ་གྱི་བཟའ་ཟླ་ཚེ་རིང་སྒྲོལ་དཀར་ཡིན་པ།
“ལྷ་སར་ལས་ཀར་ཞུགས་པའི་སྔ་ནུབ་ཏུ། ངས་གློ་བུར་དུ་སྤོ་བོ་ལགས་ཀྱིས་བཤད་པའི་གཏམ་རྒྱུད་དག་དྲན་བྱུང་ལ། ཁྱིམ་དུ་ད་དུང་ལོ་93ལ་སླེབས་པའི་རྨོ་བོ་ལགས་ཡོད་པའང་དྲན་བྱུང་། མ་གཞི་ཕ་ཡུལ་གྱི་ཆ་རྐྱེན་ལྷ་ས་དང་སྡུར་ཐབས་མེད་ནའང་། འདི་ནི་ངའི་ཕ་ཡུལ་ཡིན་པས། ངས་འཛུགས་སྐྲུན་དེ་བས་ལེགས་པ་བྱེད་སྙམ་བྱུང” “དུས་སང་ངས་ཏང་ལ་ཞུགས་པའི་རེ་ཞུ་ཕུལ་ཏེ། ལས་ཀར་ཞུགས་མཉམ་གྱི་ཁྲོད་ནས་ཏང་ལ་ཞུགས་མཁན་ཨང་དང་པོ་དེ་ཡིན་པའི་བརྩོན་ལེན་བྱེད་ཀྱི་ཡིན”ཞེས་རབ་འཕེལ་ཀུན་གྲགས་ཀྱིས་བརྗོད།
དེང་གི་དབུས་བྱང་གྲོང་ཚོའི་མཁར་སྣའི་རི་སྐེད་དུ་སྔོན་ཆད་མང་ཚོགས་ཀྱིས་བརྒྱབ་པའི་ཁང་པའི་རྗེས་ཤུལ་སྔར་བཞིན་གནས་པ་དང་། རི་འདབས་སུ་ཁང་པ་ཐབས་ཆག་རེ་ཟུང་མཐོང་རྒྱུ་ཡོད།
ལོ་100ལྷག་ཙམ་རིང་། དབུས་པ་ཕུན་ཚོགས་རྣམ་རྒྱལ་ཁྱིམ་རྒྱུད་ཀྱི་མི་རབས་ཚང་མས། རྒྱལ་གཅེས་མཐའ་སྲུང་དང་དམག་བཀུར་དམངས་གཅེས་ཀྱི་གསར་བརྗེའི་ས་བོན་རྒྱུན་འཛིན་བྱས་ཏེ། རྒྱལ་ཁབ་ལ་དགོས་མཁོ་ཡོད་སྐབས། དཔའ་ངར་ཆེར་སྐྱེད་ཀྱིས་མདུན་སྐྱོད་བྱས་ཏེ་རྒྱལ་ཁབ་ལ་རང་ནུས་བཏོན་པ་དང་། མི་དམངས་ལ་དགོས་མཁོ་ཡོད་སྐབས། ལེགས་སྐྱེས་འབུལ་སྤྲོ་བ་དང་བརྟན་སྲུང་བྱེད་ཕོད་པ། རྒྱུན་གཏན་གྱི་ལས་དོན་སྒྲུབ་རིང་། ཁེ་གྲགས་དོན་གཉེར་མི་བྱེད་པར་སྐད་གྲགས་མེད་པའི་སྒོ་ནས་ལེགས་སྐྱེས་ཕུལ་ཏེ། དཀའ་སྡུག་མཐའ་དག་ལས་རྣམ་པར་རྒྱལ་བར་བྱས་པ་བཅས་ལ་བརྟེན་ནས། དེང་གི་མི་རབས་ལྔའི་གྲགས་ཅན་ཁྱིམ་རྒྱུད་ཀྱི་རྩ་བ་བརྟན་དུ་ཕྱིན་པ་དང་སྙན་གྲགས་ཕྱོགས་བཅུར་ཁྱབ་ཡོད།