གྲངས་འཛིན་དཔལ་འབྱོར་དང་ཚན་རྩལ་གྱིས་རིམས་ནད་འགོག་པའི་སྐོར་གྱི་གླེང་སྟེགས་གཙོ་བོ།
སྤེལ་དུས 2020-11-25
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ11པའི་ཚེས23ཉིན་གྱི་སྔ་དྲོར། “གྲངས་འཛིན་ནུས་པ་ལ་བརྟེན་ནས་མཉམ་དུ་འབྱུང་འགྱུར་གཏོད་པ་སྟེ། ལག་གདང་སྦྲེལ་ནས་དྲ་རྒྱའི་བར་མཐོངས་ཀྱི་གཅིག་མཐུན་ཚོགས་པ་བསྐྲུན་པ”ཞེས་པ་བརྗོད་དོན་གཙོ་བོ་ཡིན་པའི“འཛམ་གླིང་མཉམ་འབྲེལ་དྲ་རྒྱ་ཚོགས་ཆེན•དྲ་རྒྱའི་འཕེལ་རྒྱས་གླེང་སྟེགས”ཞེས་པ་ཀྲེ་ཅང་ཝུའུ་ཀྲེན་མཉམ་འབྲེལ་དྲ་རྒྱའི་རྒྱལ་སྤྱིའི་འགྲེམ་ཚོགས་ལྟེ་གནས་སུ་འགོ་ཚུགས་པ་རེད། འགོ་ཚུགས་མཛད་སྒོ་སྤེལ་རྗེས་གྲངས་འཛིན་དཔལ་འབྱོར་དང་ཚན་རྩལ་གྱིས་རིམས་ནད་འགོག་པའི་གླེང་སྟེགས་གཙོ་བོ་ཡང་དེ་དང་ཆབས་ཅིག་སྤེལ་བ་རེད།
འཛམ་གླིང་མཉམ་འབྲེལ་དྲ་རྒྱ་ཚོགས་ཆེན•དྲ་རྒྱའི་འཕེལ་རྒྱས་གླེང་སྟེགས་ཀྱི་ཡུལ་དངོས།
མཉམ་འབྲེལ་དྲ་རྒྱ་མཚོན་བྱེད་དུ་གྱུར་པའི་རབས་གསར་པའི་ཆ་འཕྲིན་ལག་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་དར་རྒྱས་བྱུང་བ་དང་། མིས་བཟོས་རིག་ནུས་དང་། སྤྲིན་རྩིས། 5Gསོགས་ལག་རྩལ་གསར་ཤོས་ལ་རྒྱུན་ཆད་མེད་པར་གསར་གཏོད་ཀྱི་གསོན་ཤུགས་རྒྱས་ཤིང་། མཉམ་འབྲེལ་དྲ་རྒྱའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་མཉམ་འདྲེས་དང་། སིམ་འཛུལ། སྐུལ་འདེད་བཅས་ཀྱི་ནུས་པ་ཉིན་བཞིན་མངོན་གསལ་དུ་འགྲོ་བཞིན་ཡོད། 2020ལོར་ཏོག་གསར་གློ་ཚད་ཀྱི་རིམས་ནད་རྒྱུན་མཐུད་ངང་མཆེད་པ་དེས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་འཚོ་བའི་འཁོར་སྐྱོད་ལ་ཕོག་ཐུག་ཆེན་པོ་དང་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད། ང་ཚོས་མཐོང་གསལ་ལྟར། གྲངས་འཛིན་དཔལ་འབྱོར་གྱི་ཚད་འཇལ་དཀའ་བའི་མི་མངོན་པའི་སྟོབས་ཤུགས་ནི་གོ་ལ་ཧྲིལ་པོའི་གསར་གཏོད་སྦྲེལ་ཐག་དང་། ཐོན་ལས་འཁོར་འབྲེལ། རིན་ཐང་སྦྲེལ་ཐག་བཅས་མགྱོགས་མྱུར་ལེགས་སྒྲིག་དང་བསྡུ་སྒྲིལ་བྱེད་པའི་སྒུལ་ཤུགས་གསར་པ་ཞིག་ཏུ་གྱུར་པ་མ་ཟད། དེ་བཞིན་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་དང་རྒྱལ་ཁབ་ཁག་གིས་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་རྟེན་གཞི་ཞིག་ཏུ་འགྱུར་བཞིན་ཡོད། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ཁྲོད་དུ་གྲངས་འཛིན་ལག་རྩལ་དང་ཉེར་སྤྱོད་གསར་གཏོད་ཀྱི་འབུར་དུ་ཐོན་པའི་ནུས་པ་དེས་རིམས་ནད་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ། ནད་དུག་གི་ཁུངས་འདེད་པ། སྔོན་འགོག་དང་སྐྱོབ་བཅོས། ཐོན་ཁུངས་བཀོད་སྒྲིག་བཅས་ཀྱི་ལས་ཕྱོད་ཆེ་རུ་བཏང་བས། སྤྱི་ཚོགས་ཡོངས་ཀྱིས་ལག་གདང་སྦྲེལ་ནས་རིམས་ནད་ལས་རྣམ་པར་རྒྱལ་བའི་ཡིད་ཆེས་ཆེ་རུ་ཕྱིན་པ་རེད།

གྲངས་འཛིན་དཔལ་འབྱོར་དང་ཚན་རྩལ་གྱི་རིམས་ནད་འགོག་པའི་གླེང་སྟེགས་གཙོ་བོ།
གྲངས་འཛིན་དཔལ་འབྱོར་དང་ཚན་རྩལ་གྱི་རིམས་ནད་འགོག་པའི་གླེང་སྟེགས་གཙོ་བོ་ནི“གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་དང་མཉམ་ལས་ཀྱིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ”དང“གྲངས་འཛིན་ལག་རྩལ་གྱིས་གོ་ལ་ཧྲིལ་པོའི་རིམས་ནད་འགོག་བཅོསལ་སྐུལ་འདེད་གཏོང་བ”སོགས་ཀྱི་གྲོས་གཞིར་དམིགས་པ་ཡིན་ལ། དེའི་དམིགས་ཡུལ་ནི་གྲངས་འཛིན་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་མོ་བཏང་ནས། གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་གྱིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་དང་ཁ་ཕྱོགས་གསར་པ་རྙེད་ཐུབ་པ་བྱ་རྒྱུ་དང་། གྲངས་འཛིན་ཅན་གྱི་བྱ་ཐབས་ཀྱིས་གོ་ལ་ཧྲིལ་པོའི་རིམས་འགོག་ཁྲོད་དུ་དམིགས་བསལ་གྱི་ནུས་པ་འདོན་སྤེལ་ཐུབ་པ་བྱས་ཏེ། མིའི་རིགས་ཀྱི་སྤྱི་ཚོགས་ལ་བདེ་སྐྱིད་བསྐྲུན་པ་དང་མཚར་སྡུག་ལྡན་པའི་མ་འོངས་པ་གསར་དུ་གཏོད་རྒྱུ་དེ་ཡིན།
རྩོམ་སྒྲིག་པ། བདེ་སྒྲོལ།