ཟླ2པའི་ཚེས17ཉིན་ནས་བཟུང་། ཉིན་ལྔ་རིང་བསྟུད་མར“རི་མཚོ་བརྒལ། སྤོ་ལོར་བརྟེན་ནས་གྲོགས་པོ་སྒྲིག”ཅེས་པའི་བོད་ལྗོངས་དང་ཞང་ཀང་གི་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོ་སྤེལ་རེས་བྱེད་སྒོ་ཞང་ཀང་དུ་སྤེལ་ཞིང་། ད་ཐེངས་ཀྱི་བྱེད་སྒོར་སཱ་མཱ་ལན་ཆི་ལུས་རྩལ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་དང་ཀྲུང་གོའི་ཞང་ཀང་ལུས་རྩལ་མནའ་འབྲེལ་གྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང་། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་། ཙི་ཅིན་དུས་དེབ་ཚོགས་པ། བོད་ལྗོངས་ཀྱི5100ཡི་སློབ་གསོ་འཕེལ་རྒྱས་ཆེད་དོན་ཐེབས་རྩ་བཅས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས།
ད་ཐེངས་བྱེད་སྒོའི་དམིགས་ཡུལ་ནི་ཞང་ཀང་དང་བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་དབར་གྱི་རིག་རྩལ་སྤེལ་རེས་ལ་སྐུལ་འདེད་བཏང་ནས། གཞོན་ནུ་ལོ་ཆུང་ཚོ་ལུས་རྩལ་སྦྱོང་བརྡར་ནང་ཞུགས་པའི་སྤྲོ་སེམས་སྐུལ་སློང་བྱེད་པ་དང་། གཞོན་ནུ་ལོ་ཆུང་གི་ཧུར་སྐྱེད་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་མངོན་པ། ས་གནས་གཉིས་ཀྱི་གཞོན་ནུ་ལོ་ཆུང་དབར་ཤེས་རྟོགས་དང་མཛའ་གྲོགས་ཟབ་ཏུ་གཏོང་བ། མི་རིགས་ཀྱི་གདེང་ཚོད་དང་མི་རིགས་ཀྱི་སྤོབས་སེམས་ཆེ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཐུན་མོང་ཐོག་བརྟན་དུ་གཏོང་བ་བཅས་བྱས་ཏེ། ས་གནས་གཉིས་ཀྱི་གཞོན་ནུ་ལོ་ཆུང་སྐྱོན་བྲལ་ངང་འཚར་ལོངས་བྱུང་ནས་ཤེས་ལྡན་པར་འགྱུར་བར་སྐུལ་འདེད་གཏོང་རྒྱུ་བཅས་རེད།
རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ་དང་སཱ་མཱ་ལན་ཆི་ལུས་རྩལ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱི་སྲོལ་འབྱེད་མཁན་ཧུའུ་ཨན·ཨན་ཏུང་ཉི་ཨོ·སཱ་མཱ་ལན་ཆི་ཡིས་བྱེད་སྒོའི་འགོ་ཚུགས་མཛད་སྒོར་བརྙན་ལམ་བརྒྱུད་ནས་ཤིས་ཚིག་སྒྲོན་པ་དང་། ཁོང་གིས་བརྗོད་དོན། ལུས་རྩལ་དང་ཨོ་ལིམ་ཕིག་ལུས་རྩལ་གྱིས་ཚང་མ་མཉམ་དུ་དམ་པོར་འབྲེལ་ཡོད་ལ། ལུས་རྩལ་གྱིས་རིག་གནས་དང་། སྤྱི་ཚོགས། འཚར་ལོངས་ཁོར་ཡུག་མི་འདྲ་བའི་མི་རྣམས་ཀྱི་ཁྲོད་དུ་སྤེལ་རེས་ཀྱི་སྦྲེལ་ཟམ་བཙུགས་ཡོད། ཁོང་གིས། བོད་ལྗོངས་དང་ཞང་ཀང་གི་གཞོན་ནུ་ལོ་ཆུང་ལ་ལུས་རྩལ་ནི་རྩེར་སོན་དང་འབྲེལ་བ་ཡོད་པར་མ་ཟད། མཛའ་གྲོགས་དང་དྲང་གཞག་དང་ཡང་འབྲེལ་བ་ཡོད་པས། བོད་ལྗོངས་དང་ཞང་ཀང་གི་གཞོན་ནུ་ལོ་ཆུང་ཚང་མས་ད་ཐེངས་ཀྱི་ཐོབ་དཀའ་བའི་སྤེལ་རེས་བྱེད་སྒོའི་ཁྲོད་གྲུབ་འབྲས་ཐོབ་རྒྱུའི་རེ་བ་ཡོད་ཅེས་ལྕག་སྐུལ་བྱས།
ཟླ2པའི་ཚེས18ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་འཐུས་མི་དང་། རྩལ་འཁྲིད་པ། རུ་ཁག་གི་སྨན་པ་བཅས་དང་། དེ་བཞིན་གཞོན་ནུ་ལོ་ཆུང་རྐང་རྩེད་སྤོ་ལོའི་རུ་ཁག་གི་རུ་མི(U16)བཅས་ལས་གྲུབ་པའི་འཐུས་མི་ཚོགས་པ་དང་བཅས་པའི་མི21བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་རྩལ་འགྲན་ལུས་རྩལ་ཁྲུའི་ཁྲུའུ་ཀྲང་ཡའོ་ཡུང་ཀང་དང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་འཆི་མེད་མཚོ་མོའི་སྣེ་ཁྲིད་འོག ཞང་ཀང་རྐང་རྩེད་སྤོ་ལོའི་སྤྱི་ཁྱབ་ལྷན་ཚོགས་ལ་འཚམས་འདྲི་བྱས་པ་རེད། ཞང་ཀང་རྐང་རྩེད་སྤོ་ལོའི་སྤྱི་ཁྱབ་ལྷན་ཚོགས་ཀྱིས་འཐུས་མི་ཚོགས་པ་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པར་མ་ཟད། སྤེལ་རེས་བྱེད་སྒོ་ཕུན་སུམ་ཚོགས་པ་བཀོད་སྒྲིག་བྱས་ཡོད། ཕྱོགས་གཉིས་པོས་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་གསོ་སྦྱོང་དང་། འགྲན་བསྡུར་གྱི་ཉམས་མྱོང་། འབྱུང་འགྱུར་འཕེལ་རྒྱས་བཅས་ཀྱི་ཐད་ནས་གྲོས་བསྡུར་གཏིང་ཟབ་བྱས་ཤིང་། ཡུལ་དངོས་སྤྲོ་སྣང་དང་འཆམ་མཐུན་གྱིས་ཁེངས།
དགོང་མོའི་ཆུ་ཚོད7པར། མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་པའི་རྐང་རྩེད་སྤོ་ལོའི་མཛའ་གྲོགས་འགྲན་བསྡུར་ཞིག་ཞི་ཧྲའིGO PARKརུ་སྤེལ་ཞིང་། བོད་ལྗོངས་གཞོན་ནུ་ལོ་ཆུང་རྐང་རྩེད་སྤོ་ལོའི་རུ་ཁག་དང་ཞང་ཀང་ཤར་ཕྱོགས་ལུས་རྩལ་ཚོགས་པའི་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་རུ་ཁག་གཉིས་ཀྱིས་རྐང་རྩེད་སྤོ་ལོའི་ཐང་དུ་འགྲན་རྩོད་དྲག་པོ་བྱས་ཤིང་། ཕྱོགས་གཉིས་ཀྱི་རུ་མི་ཚོས་འགྲན་བསྡུར་གྱི་ཁྲོད་ནས་སྤོ་ལོ་རྒྱག་རྩལ་རྩེ་གྲ་དང་འགྱུར་མེད་ཀྱི་འབད་འཐབ་སྙིང་སྟོབས་མངོན་པར་བརྟེན། དེ་གར་ཡོད་པའི་ལྟད་མོ་བ་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད། མཐར་འགྲན་བསྡུར་དེ6:2ཡི་བསྡུར་གྲངས་ཐོག་ནས་མཇུག་འགྲིལ་བ་མ་ཟད། ཕྱོགས་གཉིས་པོའི་རུ་མི་ཚོས་ཕན་ཚུན་ལག་པ་གཏོང་རེས་ཀྱིས་གུས་ལུགས་མཚོན་པ་དང་། དྲན་རྟེན་མཉམ་པར་བརྒྱབ་སྟེ་བརྗེད་པར་དཀའ་བའི་སྐད་ཅིག་ཟིན་ཐོར་བཀོད་ཡོད།