ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བོད་རབ་རྒྱན་ཤིང་མོ་སྦྲུལ་ལོའི་ལོ་གསར་འཆར་ལ་ཉེ་བའི་མཚམས་འདིར། ལྷ་སའི་ཁྲོམ་གཞུང་དུ་ག་ས་གང་དུ་ལོ་གསར་གྱི་འཁྲུག་ཆ་དོད་པའི་རྣམ་པ་དང་སྤྲོ་སེམས་ཀྱིས་ཁེངས་ཡོད། ཉིན་བསྟུན་མའི་རིང་ལ། བར་སྐོར་མཐའ་འཁོར་གྱི་ཁྲོམ་གཞུང་དུ་ལོ་གསར་གྱི་བཅའ་དངོས་ཉོ་བཞིན་པའི་མང་ཚོགས་ཀྱིས་གང་ཡོད། ལོ་གསར་གྱི་ཁྲོམ་ར་ཤིན་ཏུ་འཁྲུག་ཆ་དོད་པས། དེ་གར་ཁྲོམ་ར་བཤམས་པའི་ཁེར་གཉེར་ཚོང་ལས་ཀྱི་སྒོ་མདུན་ཀྱང་མང་ཚོགས་ཀྱིས་ཁེངས།
ཁོང་ཚོའི“ཚོང་ཁང”ཆུང་ན་ཡང་། སྒྲོག་ཙེ་གཅིག་དང་རྐུབ་སྟེགས་གཅིག་ལས་མེད་ཅིང་། ཁོང་ཚོའི“ཚོང་རྫས”ནི་རང་གིས་བཟོས་པའམ་ཡང་ན་མ་གནས་ཅུང་དམའ་མོ་སྤྱིན་ནས་བར་ཁེ་བཙལ་བའི་དངོས་ཟོག་སྣ་ཁ་གཅིག་གཉིས་ཙམ་ཡིན། ཚོང་ཁང་བོགས་མར་གཏོང་མཁན་གྱི་ཚོང་ཁང་མང་པོ་དང་བསྡུར་ན། ཁོང་ཚོ་མི་རྣམས་ཀྱི་མིག་ནང་དུ་མི་མངོན་ཞིང་། བཙོངས་པའི་དངོས་ཟོག་ཀྱང་ཕུན་སུམ་ཚོགས་པོ་མེད་ནའང་། ཁོང་ཚོ་ནི་ལོ་གསར་གྱི་ཁྲོམ་རའི་དཔལ་འབྱོར་ནང་གི་རྩ་རྒྱུ་ཕྲ་མོ་ཞིག་དང་འདྲ་བར་ཁྲོམ་རའི་མཁོ་འདོན་ཕུན་སུམ་ཚོགས་སུ་བཏང་བ་དང་འཛད་སྤྱོད་པའི་དགོས་མཁོ་སྣ་ཚོགས་སྐོང་ཐུབ་ཀྱི་ཡོད།
བར་སྐོར་ནས་ཁྲོམ་ར་བཤམས་པའི་ཚོང་གཉེར་མཁན་གྱིས་མི་དམངས་ལ་ལོ་གསར་གྱི་བཅའ་དངོས་སྣ་ཚོགས་བཙོང་བཞིན་པ།
ལྷ་ས་གྲོང་ཁྱེར་གྱི་ལོ་གསར་དངོས་ཟོག་གི་ཁྲོམ་ར་ཆེ་ཤོས་ཏེ་བར་སྐོར་ཁྲོམ་རའི་ཤར་ངོས་སུ་རྩེ་སྒྲོ་བཙོངས་མཁན་གྲལ་བསྒྲིགས་ནས་ཡོད། ཚོང་གཉེར་བ་མང་ཆེ་བ་ནི་ལོ50ཡན་གྱི་དར་མ་ཡིན་པ་དང་ཁོང་ཚོར་རྩེ་སྒྲོ་བཟོ་བའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པ་དང་། གཙོ་བོ་ཁྱིམ་ཚང་བཟོ་ཁང་གི་རྣམ་པའི་ཐོག་ནས་བཟོས་ཏེ་འཚོང་བཞིན་ཡོད། ལག་ཏུ་ཁྱེར་ཆོག་ཆོག་གི་ཤོག་སྒམ་དེ་དག་ནི་ཁོང་ཚོའི་ཚོང་ཁང་རེད། མཐུན་པ་སྤུན་བཞི་དང་། ཚེ་རིང་རྣམ་དྲུག བཀྲ་ཤིས་རྟགས་བརྒྱད་བཅས་ཚོང་མཁན་ཚོས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་བཟོ་དབྱིབས་མི་འདྲ་བ་བཟོས་པ་དེ་དག་ལས་ཁྱིམ་ཚང་འཆམ་མཐུན་དང་ཚེ་རིང་ལོ་བརྒྱ། བཀྲ་ཤིས་བདེ་ལེགས་བཅས་ཀྱི་གོ་དོན་མཚོན་གྱི་ཡོད།
ལོ་གསར་གྱི་ཁྲོམ་རའི་ཐོག་གི་རྩེ་སྒྲོ།
ཨ་ཁུ་ནོར་བུའི་ཕ་ཡུལ་ནི་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་ཕུ་གསུམ་ཞང་དུ་ཡོད་པ་དང་། རྩེ་སྒྲོ་བཟོས་ནས་ལོ20ལྷག་ཙམ་འགོར་ཡོད། གཞིས་རྩེའི་སོ་ནམ་ལོ་གསར་བཏང་རྗེས། ཁོང་གིས་ལྷ་སར་ཚོང་ཁང་བཙུགས་ནས་རྩེ་སྒྲོ་འཚོང་གི་ཡོད། “བོད་ཀྱི་ལོ་གསར་ནི་ང་ཚོའི་སྲོལ་རྒྱུན་གྱི་དུས་ཆེན་ཁྲོད་ཀྱི་ཆེས་གཟབ་རྒྱས་ཀྱི་དུས་ཆེན་ཞིག་རེད། ཁྱིམ་ཚང་ཚང་མས་ལོ་གསར་པའི་ནང་བཀྲ་ཤིས་བདེ་ལེགས་ཀྱི་རྟགས་དང་རྟེན་འབྲེལ་བཟང་པོ་འདོད་པ་དང་། དུས་སྐབས་དེའི་ནང་ལྷ་སར་ཚོང་ལས་ཧ་ཅང་ཡག་པོ་ཡོད། རྩེ་སྒྲོ་བཟོ་བ་ནི་སྲོལ་རྒྱུན་གྱི་ལག་རྩལ་ཞིག་ཡིན་པས་ཁྱིམ་ཚང་གི་འཚོ་རྟེན་གཙོ་བོ་ཡིན་པར་མ་ཟད། རིག་གནས་རྒྱུན་འཛིན་བྱེད་པ་ཞིག་ཀྱང་རེད”ཅེས་བཤད། ནོར་བུས“ངའི་ལོ་གསར་གྱི་རེ་འདུན་ནི་ཧ་ཅང་སྟབས་བདེ་པོ་ཡིན། ལོ་གསར་ཡག་པོ་ཞིག་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད།
ལྷ་ས་གྲོང་ཁྱེར་བར་སྐོར་ཁྲོམ་རའི་ཤར་ངོས་སུ་ཨ་ཁུ་ནོར་བུས(གཡོན)ཞིང་འབྲོག་པ་གཞན་དག་དང་མཉམ་དུ་རྩེ་སྒྲོ་བཙོང་བཞིན་པ།
བོད་ཀྱི་ལོ་གསར་གྱི་དངོས་ཟོག་ཁྲོད་རྩེ་སྒྲོ་གླེང་སྐབས་དེའི་རོགས་ཟླ་ལོ་གསར་མེ་ཏོག་མི་གླེང་ཀ་མེད་རེད། དེ་གཉིས་ཀྱི་མཛེས་རྒྱན་སྤྲས་བས་བོད་ཀྱི་ལོ་གསར་ཁྲོད་ཀྱི་སྤུས་ཀ་ལེགས་པའི་ཕྱེ་མར་འབོ་དེ་བས་བཀྲག་མདངས་འཚེར་བར་འགྱུར། ལོ་གསར་མེ་ཏོག་ལ“དགུན་དུས་ཀྱི་ཆེས་མཛེས་སྡུག་ལྡན་པའི་མེ་ཏོག”ཅེས་འབོད་ཅིང་། དེ་ནི་གྲོའི་སྙེ་མ་དང་ནས་ཀྱི་སྙེ་མར་ཚོན་བྱུགས་ནས་བཟོས་པའི་མེ་ཏོག་ཅིག་རེད། བོད་ཀྱི་ལོ་གསར་རམ་དུས་ཆེན་གྱི་དུས་སུ་མི་རྣམས་ཀྱིས་རྩམ་པ་དང་ནས་ཀྱིས་གང་པའི་ཕྱེ་མར་འབོའི་སྟེང་དུ་བཙུགས་ནས་ལོ་གསར་བཀྲ་ཤིས་བདེ་ལེགས་ཡོང་བ་མཚོན།
ལོ་གསར་མེ་ཏོག
བུ་ཆུང་ནི་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ནས་ཡིན་པ་དང་། བར་སྐོར་ཁྲོམ་རའི་ལྷོ་སྒོའི་མདུན་དུ་རང་ཉིད་ཀྱི་ལོ་གསར་མེ་ཏོག་བཙོང་སའི་ཁྲོམ་ཆུང་གཉེར་བཞིན་ཡོད། དང་ཐོག་ང་ཚོ་བུ་ཆུང་དང་ཐུག་སྐབས། ཁོས་དགའ་སྤྲོའི་འཛུམ་མདངས་ཀྱིས་ང་ཚོའི་ཡིད་དབང་འཕྲོག ཞིབ་ཏུ་བལྟས་ཚེ། བུ་ཆུང་གི་གཟུགས་པོ་མི་གཞན་དག་ལས་ཅུང་ཆུང་བ་འདུག ང་ཚོས་ལྷ་ས་སྟོད་ལུང་བདེ་ཆེན་གྱི་སྡེབ་ཚོང་ཁྲོམ་ར་ནས་ལོ་གསར་མེ་ཏོག་དེ་དག་ཉོས་ནས་འདིར་བཙོང་བཞིན་ཡོད། ལོ་གསར་གོང་གི་དུས་ཡུན་ནང་སྒོར་མོ་མང་ཙམ་བསགས་ནས་ཁྱིམ་ཚང་གི་ཡོང་འབབ་གསོག་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། མི་ཚང་མ་བཀྲ་ཤིས་པའི་ལོ་གསར་ལ་རོལ་འདོད་ཡོད་པ་མ་རེད་དམ་ཞེས་སྨྲས། དོན་རྐྱེན་ཞིག་བྱུང་ནས་བུ་ཆུང་གི་རྐང་བ་གཅོད་དགོས་བྱུང་མོད། ཁོང་ཡིད་མུག་ནས་སྡོད་ཀྱི་མེད། ཁོང་གིས་ཧུར་ཐག་འབད་ཐག་གིས་འཚོ་བའི་ཆེད་དུ་འབད་བརྩོན་དང་། རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ལས་དབང་ལ་འགྱུར་ལྡོག་བཏང་སྟེ། རང་ཉིད་དང་ཁྱིམ་མིར་དེ་བས་ལེགས་པའི་འཚོ་བ་སྐྱེལ་དུ་འཇུག་གི་ཡོད། བུ་ཆུང་གི་ལས་དབང་སྐྱུར་མོ་དང་བསྡུར་ན། ང་ཚོའི་ལོ་གསར་ནི་དེ་བས་དོན་དང་ལྡན་པ་ཞིག་མ་ཡིན་ནམ། བུ་ཆུང་གིས་འཚོ་བར་དགའ་ཞེན་བྱེད་པ་དང་སང་ཉིན་ལ་དེ་བས་ཡིད་ཆེས་ཀྱིས་ཁེངས་པ་དེ་ང་ཚོ་ཚང་མས་བརྩོན་ལེན་བྱེད་དགོས་པ་ཞིག་མ་ཡིན་ནམ།
བུ་ཆུང(གཡོན)གིས་རོགས་པ་དང་མཉམ་དུ་བར་སྐོར་ཁྲོམ་རའི་ལྷོ་སྒོར་ལོ་གསར་མེ་ཏོག་བཙོང་བཞིན་པ།
ལོ་གསར་ནི་ཀྲུང་གོ་བ་ཚང་མའི་རེ་སྒུག་ཡིན། ལོ་གསར་ལ་རོལ་བ་ནི་ཀྲུང་ཧྭའི་བུ་ཕྲུག་ཚང་མས་ལོ་གསར་ལ་རེ་སྒུག་བྱེད་པའི་མཚོན་ཚུལ་མངོན་གསལ་དོད་པོ་ཞིག་རེད། ལུགས་རྙིང་གི་དཔྱིད་གསར་དུས་ཆེན་རོལ་ནས་ཟླ་བ་གཅིག་ལ་ཉེ་བ་དང་བོད་ཀྱི་ལོ་གསར་རིམ་གྱིས་འཆར་ལ་ཉེ། ལོ་གསར་རོལ་བ་ནི་ཁྱིམ་མི་མཉམ་འཛོམས་དུས་ཀྱི་དྲོ་སྐྱིད་དང་བདེ་སྐྱིད་ཅིག་ཡིན་ལ། ལོ་གསར་ནི་ཕ་མ་དང་རྒན་རབས་ཀྱིས་ང་ཚོ་བདེ་ཐང་ཡོང་བའི་རེ་སྒུག་ཞིག་ཀྱང་ཡིན་ཞིང་། ལོ་གསར་རོལ་བ་ནི་ཕྱིའི་གནོད་འཚེ་དང་དཀའ་ངལ་མེད་པ་དང་ཆར་ཆུ་དུས་སུ་འབབ་པའི་རེ་སྒུག་ཅིག་ཀྱང་ཡིན། གང་ལྟར་ལོ་གསར་ནི་ཀྲུང་གོ་བའི་སེམས་གཏིང་གི་བརྩེ་བ་བཅོལ་ས་ཞིག་ཡིན་ལ། རིག་གནས་རྒྱུན་འཛིན་མཚོན་པའི་ཐུན་མོང་མ་ཡིན་པའི་བྱ་ཐབས་ཤིག་ཀྱང་རེད།