ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བོད་ལྗོངས་དིང་རིར་ས་ཡོམ་རིམ་པ6.8ཅན་བྱུང་རྗེས་སུ། སྤྱི་ཚོགས་ཀྱི་ལས་དོན་པ་ཁག་གཅིག་གེགས་ཁུལ་དུ་བསྐྱོད་དེ་ཡོམ་འགོག་རོགས་སྐྱོབ་ཀྱི་ལས་དོན་ཐད་དུ་ནུས་པ་ཧུར་ཐག་བཏོན་ཡོད། བོད་ཀྱི་ལོ་གསར་རིང་དུ། གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་ཀོ་ལྕག་ཞང་གྲུ་ཁ་གྲོང་ཚོའི“གཅིག་བསྡོམས་གཅིག དུས་རབས་གསར་པའི་གཅེས་སེམས”ཞེས་པའི་བྱིས་པའི་ཁྱིམ་གཞིས་སུ། ས་ཡོམ་གྱི་གནོད་འཚེ་ཐེབས་པའི་ཕྲུ་གུ་བཅུ་ཕྲག་ཁ་ཤས་ཟུར་ཁྲིད་དགེ་རྒན་དང་མཉམ་དུ་སློབ་ཚན་བསྐྱར་སྦྱོང་བྱེད་བཞིན་ཡོད་ཅིང་། དཔེ་ཆ་ཀློག་འདོན་གྱི་སྒྲ་སྐད་ལྷང་ལྷང་དེས་གྲུ་ཁ་གྲོང་ཚོ་ལ་སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་པར་བྱས་འདུག
གཏིང་སྐྱེས་རྫོང་ཀོ་ལྕག་ཞང་གྲུ་ཁ་གྲོང་ཚོའི“གཅིག་བསྡོམས་གཅིག དུས་རབས་གསར་པའི་གཅེས་སེམས”ཞེས་པའི་བྱིས་པའི་ཁྱིམ་གཞིས།
གྲུ་ཁ་གྲོང་ཚོའི་ཧྲུའུ་ཅི་ཨང་དང་པོ་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་སུང་ཧྥེ་ཡིས་གསར་འགོད་པར“ཟླ་དང་པོའི་ཚེས15ཉིན། གཅེས་སེམས་དང་བླངས་པ་དེ་དག་གིས་ང་ཚོའི་གྲོང་ཚོར་སྟབས་བདེའི་ཁང་པ་དང་གུར་རྒྱག་འགོ་བཙུགས་ནས་བྱིས་པ་ཚོའི་བྱེད་སྒོ་སྤེལ་ཡུལ་བྱས་ཏེ། བྱིས་པ་ཚོའི་རྒྱུན་གཏན་གྱི་དོ་དམ་དང་འགྲོགས་རོགས་ཀྱི་ལས་འགན་འཁུར་བར་མ་ཟད། ས་ཡོམ་རྗེས་ཀྱི་སེམས་ཁམས་མཛུབ་ཁྲིད་ཐད་དུ་ཆེད་ལས་ཀྱི་རོགས་རམ་ཡང་ཐོབ་པར་བྱས་ཡོད”ཅེས་ངོ་སྤྲོད་བྱས།
གཏིང་སྐྱེས་རྫོང་ཀོ་ལྕག་ཞང་གྲུ་ཁ་གྲོང་ཚོའི“གཅིག་བསྡོམས་གཅིགདུས་རབས་གསར་པའི་གཅེས་སེམས”ཞེས་པའི་བྱིས་པའི་ཁྱིམ་གཞིས།
གྲུ་ཁ་གྲོང་ཚོའི“གཅིག་བསྡོམས་གཅིགདུས་རབས་གསར་པའི་གཅེས་སེམས”ཞེས་པའི་བྱིས་པའི་ཁྱིམ་གཞིས་སུ་སྒྲོག་ཙེ་དང་རྐུབ་སྟེགས་གསར་རྐྱང་གྲལ་འགྲིག་པོར་བཞག་ཡོད་པ་དང་། སློབ་མར་མཁོ་བའི་རྐང་རྩེད་སྤོ་ལོ་དང་། བྱ་སྒྲོའི་སྤོ་ལོ། ལན་ཆིའུ་སྤོ་ལོ་སོགས་ལུས་རྩལ་ཡོ་བྱད་ཆ་ཚང་བར་མ་ཟད། གྱང་ངོས་སུ་སྦྱར་བའི་སློབ་ཚན་རེའུ་མིག་ནང་དུ་སློབ་ཚན་ཡང་ཆ་ཚང་ཡོད།
“གཟའ་ཟླ་བར་རྒྱལ་དར་སྒྲེང་བ་དང་ཞོགས་རྩལ་སྤྱངས་ཤིང་། ཉིན་ལྟར་ཞོགས་ཀློག་བྱེད་རོགས་རྒྱུན་འཁྱོངས་བྱས་ནས་དམིགས་བསལ་གྱི་དགུན་གསེང་འདིའི་རིང་དུ་བྱིས་པ་ཚོའི་སློབ་སྦྱོང་གི་གོམས་གཤིས་བཟང་པོ་རྒྱུན་འཁྱོངས་ཐུབ་པར་བྱས་ཡོད། སེམས་ཁམས་མཛུབ་ཁྲིད་དང་། མེ་ཟོན་ནང་སྦྱོང་། ས་ཡོམ་ལས་ཐར་ཐབས་སྦྱོང་བརྡར་བཅས་རྒྱུན་གཏན་བྱས་ཏེ། བྱིས་པ་ཚོ་ཉམས་ཉེན་གྱི་མདུན་དུ་འཇིགས་སྣང་མི་ཡོང་བ་དང་། ཁོང་ཚོ་སྔ་ཙམ་ས་ཡོམ་གྱི་འཇིགས་སྣང་ལས་སྒྲོལ་རྒྱུར་རོགས་རམ་བྱས་ཡོད། ལོ་གསར་གནམ་གང་གི་བང་རིམ་གསུམ་ཅན་གྱི་སྒོང་བག་དང་། ཚེས་བཅོ་ལྔའི་དུས་ཆེན་གྱི་ཐང་ཡོན་སྣ་ཚོགས།ད་དུང་གློག་བརྙན་ཁང་ནས《ནོར་ཏྲ2》མཉམ་དུ་ལྟ་བར་བསྐྱོད་པ་སོགས་ང་ཚོས་བྱེད་ཐབས་སྣ་ཚོགས་སྤྱད་ནས། ས་ཡོམ་གྱི་གནོད་འཚེ་ཐེབས་པའི་བྱིས་པ་ཚོར་བདེ་སྣང་དང་སྐྱིད་སྣང་ཐོབ་པར་བྱེད་པ་དང་། ཁོང་ཚོར་རོགས་རམ་ཐོབ་ནས་དྲིན་ཚོར་ཐུབ་པར་བྱེད་དགོས”མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དུས་རབས་གསར་པའི་གཅེས་སེམས་རོགས་སྐྱོབ་མཐུན་ཚོགས་ཀྱི་འགན་འཁུར་བ་ཀུའོ་ཞའོ་ཧྭ་ཡིས་གསར་འགོད་པར་བཤད་པ་དང་། ཁོང་གིས། ཀྲེ་ཅང་ཞིང་ཆེན་གཅིག་བསྡོམས་གཅིག་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱི་ལག་བསྟར་བྱེད་མཁན་གྱི་གྲས་ཤིག་ཡིན་པའི་ཁོང་ཚོས་ལོ་མང་རིང་གེགས་རྗེས་ཀྱི་སློབ་མའི་སེམས་ཁམས་མཛུབ་ཁྲིད་ཀྱི་ལས་ལ་གཞོལ་ཡོད་ལ། ས་ཡོམ་བྱུང་མ་ཐག་དེ་གར་བསྐྱོད་པ་ཡིན་ཞེས་བཤད།
“གཅིག་བསྡོམས་གཅིགདུས་རབས་གསར་པའི་གཅེས་སེམས”ཞེས་པའི་བྱིས་པའི་ཁྱིམ་གཞིས་ཀྱིས་གྲུ་ཁ་གྲོང་ཚོའི་བྱིས་པ་ཚོ་ཁྲིད་དེ《ནོར་ཏྲ2》ལྟ་བཞིན་པ།
ཟླ3པའི་ཚེས5ཉིན། བོད་ལྗོངས་དིང་རིའི་ས་ཡོམ་གྱི་གནོད་འཚེ་ཐེབས་པའི་སློབ་གྲྭ་དུས་བཀག་ལྟར་སློབ་འགོ་ཚུགས་ཡོད་ལ། གྲུ་ཁ་གྲོང་ཚོའི་བྱིས་པ་ཚོའང་ཞང་སྲིད་གཞུང་གནས་སའི་མཉམ་སྡེབ་སློབ་གཉེར་ས་ཚིགས་སུ་ལོག་ནས་སློབ་ཁྲིད་སླར་གསོ་བྱས་ཡོད། “གཅིག་བསྡོམས་གཅིགདུས་རབས་གསར་པའི་གཅེས་སེམས”ཞེས་པའི་བྱིས་པའི་ཁྱིམ་གཞིས་ཕྱིར་འཐེན་བྱས་མེད་པར་མ་ཟད། སྟབས་བདེའི་ཁང་པ་དང་སྒྲིག་བཀོད་སྒྲིག་ཆས་ཚང་མ་ཞང་སྲིད་གཞུང་དུ་སྤོས་ནས་སློབ་མ་དེ་བས་མང་བས་སྤྱོད་རྒྱུར་མཁོ་འདོན་བྱས་ཡོད།“འབྱུང་འགྱུར་གྱི་ལོ་ཕྱེད་ནང་། ང་ཚོས་ས་ཡོམ་གྱི་གནོད་འཚེ་ཐེབས་ཁུལ་གྱི་སློབ་མར་མུ་མཐུད་རོགས་རམ་སྣ་ཚོགས་བྱ་རྒྱུ་ཡིན”ཞེས་ཀུའོ་ཞའོ་ཧྭ་ཡིས་བཤད།