ཟླ3པའི་ཚེས12ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་འཆར་ཅན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་གནང་། གསར་འགོད་པ་ཞིག་གིས་ཡུག་རེན་གྱིས་ཨ་རིས་བཏོན་པའི་འཕྲལ་མར་གནས་སྐབས་ཉིན30ལ་དམག་མཚམས་འཇོག་རྒྱུའི་གྲོས་འགོ་དང་ལེན་བྱ་རྒྱུའི་གྲ་སྒྲིག་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་འདིའི་ཐད་ལ་དཔྱད་གཏམ་ཅི་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།
མའོ་ཉིང་གིས་འབྲེལ་ཡོད་གནས་ཚུལ་སྤེལ་བར་ང་ཚོས་དོ་སྣང་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཉམས་ཉེན་ཐོན་པའི་ཉིན་དང་པོ་ནས་བཟུང་སྐད་ཆ་བཤད་རེས་དང་། གྲོས་མོལ་བྱས་ནས་ཆབ་སྲིད་ཀྱི་ལམ་ནས་ཐག་གཅོད་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱ་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད། ང་ཚོས་ཐོག་མཐའ་བར་གསུམ་དུ་ཞི་བདེའི་ཆེད་དུ་འབད་བརྩོན་བྱེད་བཞིན་ཡོད་པ་དང་། གྲོས་མོལ་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་བྱེད་བཞིན་ཡོད། ང་ཚོས་དོ་བདག་ཕྱོགས་ཁག་གིས་སྐད་ཆ་བཤད་རེས་དང་གྲོས་མོལ་བྱས་པ་བརྒྱུད་ཕན་ཚུན་དོ་ཁུར་ལ་ལྟ་རྟོག་བྱེད་པ་དང་། རྒྱུན་མཐུད། ཡུན་རིང་བཅས་ཀྱི་ཞི་བདེའི་ཇུས་གཞི་འཚོལ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བཤད།
ས་གནས་དེ་གའི་དུས་ཚོད་ཟླ3པའི་ཚེས11ཉིན་གྱི་དགོང་མོར། ཨ་རི་དང་ཡུག་རེན་གྱི་རིམ་པ་མཐོ་བའི་འཐུས་མི་ཚོགས་པས་སོ་ཏི་ཨ་རབ་ཀྱི་ཅི་ཏ་རུ་གྲོས་མོལ་མཇུག་འགྲིལ་རྗེས་ཨ་རི་དང་ཡུག་རེན་གྱིས་མཉམ་འབྲེལ་གསལ་བསྒྲགས་སྤེལ།
ཡུག་རེན་གྱིས་ཉིན30རིང་གནས་སྐབས་དམག་མཚམས་འཇོག་རྒྱུ་དང་ལེན་བྱས་པ།
གསལ་བསྒྲགས་ནང་ཡུག་རེན་གྱིས་ཨ་རིས་བཏོན་པའི་ཉིན30རིང་གནས་སྐབས་དམག་མཚམས་འཇོག་པའི་གྲོས་འགོ་དང་ལེན་བྱེད་འདོད་ཡོད་ཅེས་འཁོད་ཡོད།
ཡུག་རེན་གྱིས་ཨ་རིའི་གྲོས་འགོ་དང་ལེན་བྱས་ནས་དུས་ཡུན་ཉིན30ཡི་གནས་སྐབས་དམག་མཚམས་འཇོག་འདོད་ཡོད་ཅེས་བཤད་པ་དང་། ཕྱོགས་གཉིས་ཀས་མོས་མཐུན་བྱས་པ་བརྒྱུད་དམག་མཚམས་འཇོག་རྒྱུའི་དུས་ཡུན་རིང་དུ་གཏོང་ཆོག་མོད། འོན་ཀྱང་ངེས་པར་དུ་ཨུ་རུ་སུས་དང་ལེན་བྱེད་པ་དང་དུས་མཚུངས་སུ་ལག་བསྟར་བྱེད་དགོས་ཞེས་བཤད།
ཨ་རིས་ཡུག་རེན་ལ་བདེ་འཇགས་རོགས་སྐྱོར་སླར་གསོ་བྱས་པ།
ཨ་རི་ཕྱོགས་ཀྱིས་གསང་འཕྲིན་མཉམ་སྤྱོད་གནས་སྐབས་མཚམས་བཞག་པའི་རྣམ་པ་འཕྲལ་དུ་མེད་པ་བཟོ་བ་དང་འབྲེལ་ཡུག་རེན་ཕྱོགས་ལ་བདེ་འཇགས་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད།
ཞི་བདེའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ།
ཨ་རི་དང་ཡུག་རེན་གྱི་འཐུས་མི་ཚོགས་པས་ད་དུང་མི་ཆོས་རིང་ལུགས་ལག་བསྟར་བྱས་ཏེ། ཞི་བདེའི་འཕེལ་རིམ་གྱི་ཆ་ཤས་ཤིག་ཡིན་པའི་གལ་ཆེའི་རང་བཞིན་ལ་གྲོས་བསྡུར་བྱས་པ་དང་། ལྷག་པར་དུ་དམག་མཚམས་འཇོག་རིང་བཟུང་དམག་བརྗེ་རེས་དང་བཀག་ཉར་བྱས་པའི་མང་ཚོགས་གློད་འགྲོལ་གཏོང་བ་དང་། དེ་བཞིན་བཙན་ཤེད་ཀྱིས་ཡུལ་གྱར་དུ་གྱུར་པའི་ཡུག་རེན་གྱི་བྱིས་པ་ཕྱིར་ལོག་རྒྱུར་རོགས་རམ་བྱེད་པ་སོགས་ཚུད་ཡོད།
ཕྱོགས་གཉིས་ཀྱི་འཐུས་མི་ཚོགས་པས་གྲོས་མོལ་ཚོགས་པའི་གྲུབ་ཆ་གཏན་འཁེལ་བྱེད་པ་དང་འབྲེལ་འཕྲལ་མར་གྲོས་མོལ་བྱེད་འགོ་བཙུགས་ནས། ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་པ་དང་འབྲེལ་ཡུག་རེན་གྱི་ཡུན་རིང་བདེ་འཇགས་འགན་ལེན་བྱ་རྒྱུའི་མོས་མཐུན་བྱས་ཤིང་། ཨ་རིས་ཨུ་རུ་སུའི་འཐུས་མི་དང་ཞིབ་ཕྲའི་གྲོས་འགོ་དེ་དག་ལ་གྲོས་བསྡུར་བྱ་རྒྱུའི་ཁས་ལེན་བྱས།
ཡུག་རེན་འཐུས་མི་ཚོགས་པས་ཡོ་རོབ་གླིང་གི་རོགས་ཟླ་ཞི་བདེའི་འཕེལ་རིམ་ནང་ཞུགས་དགོས་ཞེས་སླར་ཡང་ནན་བཤད་བྱས།
ཨ་རི་དང་ཡུག་རེན་གྱི་གཏེར་ཁའི་གྲོས་མཐུན་གང་མགྱོགས་ངང་འཇོག་དགོས།
རྒྱལ་ཁབ་གཉིས་པོའི་ཙུང་ཐུང་གིས་ཡུག་རེན་གྱི་འགག་རྩའི་གཏེར་ཐོན་ཐོན་ཁུངས་གསར་སྤེལ་ཐད་ཁྱོན་ཡོངས་ཀྱི་གྲོས་མཐུན་གང་མགྱོགས་ངང་འཇོག་རྒྱུའི་མོས་མཐུན་བྱས་ནས། ཡུག་རེན་གྱི་དཔལ་འབྱོར་ཇེ་རྒྱས་གཏོང་བ་དང་འབྲེལ་ཡུག་རེན་གྱི་ཡུན་རིང་དར་རྒྱས་དང་བདེ་འཇགས་འགན་ལེན་བྱ་རྒྱུ་རེད།
ཉིན་དེར་ཡུག་རེན་ཙུང་ཐུང་གཞུང་ལས་ཁང་གི་ཀྲུའུ་རེན་ཡེར་མ་ཁེས་ཨ་རི་དང་ཡུག་རེན་གྱིས་ཡུག་རེན་གྱི་རྒྱུན་མཐུད་ཞི་བདེ་སླར་གསོ་བྱེད་པའི་ཕྱོགས་སུ་གོམ་སྟབས་གལ་ཆེན་སྤོས་ཡོད། རྒྱལ་ཁབ་གཉིས་ཀྱི་འཐུས་མིས་ད་ནི་ཡུན་རིང་ཞི་བདེའི་འཕེལ་རིམ་འཛུགས་པའི་དུས་སྐབས་ཡིན་པའི་ངོས་འཛིན་གཅིག་མཐུན་བྱས།