ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

“ལོ35ཡི་སྒོ་ཐེམ”གཏོར་ནས་དེ་བས་དྲང་གཞག་གི་ལས་ཞུགས་ཁྲོམ་ར་འཛུགས་པ།

སྤེལ་དུས 2025-03-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

     “ལས་ཞུགས་གང་ལེགས་ཡོང་བར་སྐུལ་འདེད་དང་ལས་ཞུགས་སྤུས་ཚད་མཐོ་རུ་གཏོང་རྒྱུ”“ལས་ཞུགས་ལ་མཐོང་ཆུང་སྣ་ཚོགས་བྱེད་པ་ཡོ་བསྲང་མཐའ་གཅིག་ཏུ་བྱེད་རྒྱུ”ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་དུ་ལས་ཞུགས་བརྟན་ལྷིང་དང་རྒྱ་སྐྱེད་གཏོང་ཤུགས་སྔར་ལས་ཆེ་བ་བཏོན་ཡོད། ལས་ཞུགས་ནི་ཁྱིམ་དོན་ཡིན་ལ་རྒྱལ་ཁབ་ཀྱི་དོན་དག་དེ་བས་ཀྱང་ཡིན། དེའི་ཐད་ཚོགས་འདུར་ཞུགས་པའི་འཐུས་མི་ཨུ་ཡོན་གྱིས་ཚད་མཐོའི་དོ་ཁུར་བྱེད་པ་དང་ལྷག་པར་དུ“ལོ35ཡི་ལས་ཞུགས་སྒོ་ཐེམ”གྱི་སྣང་ཚུལ་ལ་ལྟ་ཚུལ་དང་གྲོས་འགོ་བཏོན་ཡོད།  

      རྒྱལ་ཡོངས་མི་དམངས་ཀྱི་འཐུས་མི་ཀྲེང་ཀུང་ཁྲེང་གིས་རྒྱལ་ཁབ་ཀྱིས་རིམ་བཞིན་ལས་འཁྱུར་ངལ་གསོའི་དུས་ཚོད་ནར་འགྱངས་བྱེད་འགོ་ཚུགས་པ་དང་། ལས་ཞུགས་ལ་ད་དུང་ལོ་ཚོད་ཀྱི་ཚད་གཞི་འཛུགས་རྒྱུ་ནི་འོས་འཚམ་ཞིག་མིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲང་ཁའེ་ལིས་ལོ35ནི་ལོ་ཚོད་ཆུང་བའི་དུས་མཚམས་ཤིག་ཡིན་ལ། ཏག་ཏག་ལས་སྒྲུབ་བྱེད་པའི་དུས་སྐབས་ཤིག་ཡིན་པས། ལོ་ཚོད་ཀྱིས་ལས་ཀ་ལ་ཚད་བཀག་བཟོ་རྒྱུ་ནི་མི་འོས་པར་འདོད། 

    ལས་རིགས་ཁ་ཤས་དང་ཁྱབ་ཁོངས་ཁ་ཤས་སུ“ལོ35ཡི་ལས་ཞུགས་སྒོ་ཐེམ”དེ་ཚད་རིམ་མི་འདྲ་བའི་ཐོག་ནས་གནས་ཡོད། ལོ35ཡི་ལོ་ཚད་ཚད་བཀག་ནི་ཁེ་ལས་ཁ་ཤས་ཀྱིས་གདན་ཞུའི་ཆ་འཕྲིན་ནང་གསལ་པོར་བྲིས་ཡོད་པ་དང་། མཉམ་སྦྲེལ་དྲ་རྒྱའི་ཀུང་སི་ཁག་གཅིག་གི་ནང་དུ་མངོན་མེད་ཀྱི་སྒྲིག་སྲོལ་ཞིག་ཏུ་གྱུར་ཡོད།  

     མིག་སྔར། རང་རྒྱལ་གྱི་གསར་སྣོན་ངལ་རྩོལ་ནུས་ཤུགས་ཀྱི་ཆ་སྙོམས་སློབ་གསོ་ཐོབ་པའི་ལོ་ཚད་ལོ14ལས་བརྒལ་ནས་མཐོ་རིམ་སློབ་གསོའི་དུས་རིམ་དུ་སླེབས་ཡོད། སློབ་གསོ་ཐོབ་པའི་ལོ་ཚད་ཇེ་རིང་དུ་བཏང་བས་ལས་ཞུགས་དུས་ཚོད་ནར་འགྱངས་བྱེད་ངེས་ཡིན་མོད། འོན་ཀྱང་མགྱོགས་མྱུར་ངང“ལོ35ཡི་འཇུར་མིག་དུས་ཚོད”ཟེར་བ་བསླེབས་ཡོང་པས། ལས་གནས་ཀྱི་སེམས་ཁྲལ་ཇེ་ཆེར་འགྲོ་བར་མ་ཟད། སྤྱི་ཚོགས་ཀྱི་ཁོར་ཡུག་ལའང་ཤུགས་རྐྱེན་ཐེབས་སྲིད།  

     ལས་བཟོ་བའི་དགོས་མཁོ་མང་པོ་ཞིག་ངལ་རྩོལ་པའི་བྱང་ཚད་མཐོ་བ་དང་རྩལ་ནུས་མཐོན་པོར་བརྟེན་གྱི་ཡོད་པ་ལས་ལུས་སྟོབས་དང་ངལ་རྩོལ་དུས་ཚོད་ཇེ་རིང་དུ་གཏོང་བ་ཁོ་ན་རྟེན་པ་ཞིག་ག་ལ་ཡིན། གལ་ཏེ་མི་སྤྱོད་སྡེ་ཚན་གྱིས་སྔར་བཞིན་ལོ་ཚོད་གཞིར་བཟུང་ནས་སྟབས་བདེའི་སྒོ་ནས་ཚད་གཞི་བཟོས་ན་ངལ་རྩོལ་པའི་གསར་གཏོད་ནུས་པ་དང་འཁོར་རྒྱུག་རང་བཞིན་ལ་ཚོད་བཀག་དང་། ལས་ཞུགས་ཁེ་དབང་ལ་གནོད་འཚེ་གཏོང་བར་མ་ཟད། ཉམས་མྱོང་ཕུན་སུམ་ཚོགས་པའི་ཤེས་ལྡན་མི་སྣ་ཡང་ཤོར་སླ་བ་དང་། རྩ་འཛུགས་ཀྱི་ཕན་ནུས་དང་གསར་གཏོད་ཀྱི་མི་མངོན་པའི་ནུས་ཤུགས་ལ་ཤུགས་རྐྱེན་ཐེབས་པས། དེ་ནི་ངལ་རྩོལ་ཐོན་ཁུངས་ལ་མཚོན་ན་འཕྲོ་བརླག་ཅིག་རེད།  

     དོན་དངོས་ཐོག་ལོ་ཚད་གང་འདྲ་ཞིག་ཡིན་རུང་དེ་ནི་ངལ་རྩོལ་པ་འདྲ་མཉམ་ངང་ལས་ཞུགས་བྱེད་པའི་འགོག་རྐྱེན་དུ་འགྱུར་མི་རུང་། ན་རྒས་ཅན་གྱི་སྤྱི་ཚོགས་འཕེལ་རིམ་ཇེ་མགྱོགས་སུ་འགྲོ་བའི་རྒྱབ་ལྗོངས་འོག ལོ་ན་ཆེ་བའི་ངལ་རྩོལ་པའི་ཁེ་དབང་འགན་སྲུང་ལ་དོ་ཁུར་དེ་བས་མང་པོ་བྱེད་དགོས། ད་ཆ་ཞིང་པ་ལས་མི་དུང་ཕྱུར3ཙམ་གྲོང་ཁྱེར་དུ་འཛུགས་སྐྲུན་དང་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད་མོད། འོན་ཀྱང་ཁོང་ཚོའི་ཁྲོད་ལོ50ལས་བརྒལ་བའི་ལས་ཀ་འཚོལ་མཁན་དག་ལས་རིགས་ཁག་གཅིག་གིས་མི་བསྡུ་པ་རེད། གལ་ཏེ་ཨར་ལས་ལས་རིགས་སོགས་ལུས་ཤུགས་ངེས་ཅན་ལྡན་དགོས་པའི་ལས་རིགས་ལ་ལོ་ཚོད་ཀྱི་ཚད་བཀག་ཡོད་ན་ད་དུང་ལུགས་མཐུན་རང་བཞིན་ངེས་ཅན་ཞིག་ཡོད་ཅེས་བཤད་ན། ལག་རྩལ་དང་ཉམས་མྱོང་དེ་བས་ནན་བཤད་བྱེད་པའི་ལས་རིགས་ཏེ། དཔེར་ན་ཁྱིམ་ལས་ལས་རིགས་ལྟ་བུ་མཚོན་ན། དེ་ཡིས་ཀྱང་ལོ་ཚོད་ནི་ཚད་གཞིར་བརྩིས་ན། ཇི་འདྲའི་སྟབས་བདེ་དང་རང་ཤེད་ཀྱིས་ཐག་གཅོད་ཅིག་རེད། ལོ་ན་རྒན་པའི་ཞིང་པ་ལས་མི་དང་འཕྲད་དུས་ལས་སྤྱོད་ཕྱོགས་ཀྱིས“གཅིག་གཅོད”བྱེད་མི་རུང་པར་ལས་ཀ་འཚོལ་མཁན་གྱི་གཟུགས་པོའི་གནས་ཚུལ་དང་ནུས་པའི་གནས་ཚུལ་ལ་གཞིགས་ཏེ། རིགས་དབྱེ་ནས་ཐབས་ཇུས་ལག་བསྟར་བྱས་ཏེ་ཐག་གཅོད་དེ་བས་འོས་འཚམ་བྱེད་དགོས།  

     ལས་ཞུགས་གོ་སྐབས་དང་འཚམ་པ་ནི་ནུས་པ་ཡིན་དགོས། ཚད་བརྒལ་ངང་ལོ་ན་ཚད་གཞིར་བྱེད་བ་ལས་བྱས་རྗེས་དངོས་ལ་མི་ལྟ་བ་ནི་གནས་ལུགས་དང་མི་མཐུན་པ་མ་ཟད། བཅའ་ཁྲིམས་དང་ཡང་མི་མཐུན་པ་རེད། ལོ་ཚད་ཚད་བཀག་དེ་ངལ་རྩོལ་བཅའ་ཁྲིམས་དང་ལས་ཞུགས་སྐུལ་འདེད་བཅའ་ཁྲིམས་ནང་གི“འདྲ་མཉམ་ལས་ཞུགས”ཀྱི་རྩ་དོན་དང་འགལ་བའི་དོགས་གཞི་ཡོད་ཅིང་། དོན་དངོས་ཀྱི་མཐོང་ཆུང་དུ་གྱུར་པས་མཐོང་ཆེན་བྱེད་དགོས་པར་མ་ཟད་ཐག་གཅོད་བྱེད་དགོས། གཙོ་གཉེར་སྡེ་ཚན་གྱིས་ལོ་ཚོད་ལ་མཐོང་ཆུང་བྱེད་པའི་སྲིད་ཇུས་ཡིག་ཆ་གཙང་བཤེར་བྱེད་པ་དང་ཆེད་དོན་བྱ་སྤྱོད་ཇུས་གཞི་བཟོས་ནས་ལས་ཞུགས་ལོ་ཚོད་ལ་མཐོང་ཆུང་བྱེད་པར་དེ་བས་མངོན་གསལ་དོད་པོས་ངོ་རྒོལ་བྱེད་དགོས་པའི་གྲོས་འགོ་འདོན་པ། ངལ་རྩོལ་པས་རྒྱུ་མཚན་ཞུ་འབུལ་བྱེད་པའི་བགྲོད་ལམ་འཛུགས་པ་དང་ཤར་གཏོང་ཐུབ་པ་དང་། མི་སྤྱོད་མཁན་སྡེ་ཚན་གྱིས་ལུགས་མཐུན་གྱི་རྒྱུ་མཚན་མེད་པའི་སྒོ་ནས་ལོ་ནའི་ཚད་བཀག་ཡོ་བསྲང་བྱེད་པར་སྐུལ་འདེད་གཏོང་དགོས། མི་སྤྱོད་མཁན་སྡེ་ཚན་གྱིས་ཀྱང་དེ་བས་ཞིབ་ཚགས་པའི་རྣམ་འགྱུར་ཐོག་ནས་ཤེས་ལྡན་མི་སྣར་གདེང་འཇོག་བྱེད་པའི་ལམ་སྲོལ་དང་ལས་གནས་གདན་ཞུའི་ཚད་གཞི་བཙུགས་ནས་ནུས་པ་དང་བྱས་རྗེས་ལ་བལྟ་དགོས། ལོ་ཚོད་ནི་ཉམས་མྱོང་གི་འགྲེལ་བཤད་དུ་འགྱུར་དགོས་པ་ལས་ངལ་རྩོལ་པའི་ནུས་པའི་ལྕགས་སྒྲོག་མིན་པ་རེད།   

    “ལོ35ཡི་ལས་ཞུགས་སྒོ་ཐེམ”མེད་པ་བཟོ་རྒྱུར་ཕྱོགས་མང་པོའི་མཐུན་སྦྱོར་བྱ་དགོས། དེ་ནི་མི་སྒེར་གྱི་ཁེ་དབང་དང་འབྲེལ་བ་ཡོད་པར་མ་ཟད། མི་འབོར་གྱི་གྲུབ་ཆའི་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་མི་ཤུགས་ཐོན་ཁུངས་ཀྱི་མི་མངོན་པའི་སྟོབས་ཤུགས་ཕྱིར་གཏོང་བྱེད་པའི་ལྡོག་མེད་ཀྱི་གདམ་ག་ཞིག་ཀྱང་ཡིན། སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་ལོ་ན་དེ་ཚད་གཞིར་མི་འགྱུར་བ་དང་མཐོང་ཆུང་མེད་པའི་ལས་ཞུགས་ཁྲོམ་ར་ཞིག་བསྐྲུན་ཏེ། དྲང་གཞག་དང་འདྲ་མཉམ་གྱི་ཁོར་ཡུག་ཁྲོད་རང་ངོས་ཀྱི་རིན་ཐང་མངོན་འགྱུར་ཡོང་བའི་རེ་བ་ཡོད།