ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

རྒྱལ་ཡོངས་ཀྱི་ལས་གནས་ཐོག་ལེ་ཧྥུང་ལ་སློབ་སྦྱོང་བྱེད་མཁན་དཔེ་དམག་ཁག་བཅུ་པའི་གྲས་ཚུལ་ཁྲིམས་མཐར་ཕྱིན།

སྤེལ་དུས 2025-03-27 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
ཚུལ་ཁྲིམས་མཐར་ཕྱིན་གྱིས་སེར་གླིང་མཚོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རི་སྐྱེས་སྲོག་ཆགས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་བཞིན་པ།
  ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་དུ་སྐྱེ་བོ་ཀུན་གྱིས་ཡི་རངས་ཞུ་འོས་པའི་རི་སྐྱེས་སྲོག་ཆགས་སྲུང་མཁན་ཚུལ་ཁྲིམས་མཐར་ཕྱིན་ཟེར་བ་ཞིག་ཡོད། ཁོང་ནི་སེར་གླིང་མཚོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟ་སྲུང་བ་རྣམ་དག་ཅིག་རེད་ལ། རྒྱལ་ཡོངས་ཀྱི་ལས་གནས་ཐོག་ལེ་ཧྥུང་ལ་སློབ་སྦྱོང་བྱེད་མཁན་དཔེ་དམག་ཁག་བཅུ་པའི་གྲས་ཤིག་ཀྱང་རེད། 2009ལོར་ཚུལ་ཁྲིམས་མཐར་ཕྱིན་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ལས་ལ་གཞོལ་བ་ནས་ད་བར་ལོ་16སོང་རིང་ཉིན་གཅིག་ལྟར་མཛེས་སྡུག་ལྡན་པའི་སེར་གླིང་མཚོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བསྲུངས་ཏེ། རང་ཉིད་ཀྱི་ལང་ཚོ་དང་ཁྲག་དྲོན་ས་གཞི་འདིའི་ཡངས་པའི་རྩྭ་ཐང་དང་གཅེས་པའི་རི་སྐྱེས་སྲོག་ཆགས་ལ་ཕུལ་ཡོད།
  ལོ་ན་ཆུང་བའི་སྐབས། ཚུལ་ཁྲིམས་མཐར་ཕྱིན་གྱིས་དཔེ་དེབ་ནས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་ཇི་ལྟར་བྱེད་པའི་ཤེས་བྱ་མང་པོ་ཤེས་པ་དང་། དེ་ནས་བཟུང་ཁོང་གི་སེམས་ཀྱི་ཞིང་སར་རི་སྐྱེས་སྲོག་ཆགས་སྲུང་བར་གཞོལ་བའི་ས་བོན་བཏབ། 2009ལོར་ཤན་རྩ་རྫོང་གིས་འབྲོག་ཁུལ་ལ་ཕྱོགས་ནས་རི་སྐྱེས་སྲོག་ཆགས་སྲུང་མཁན་བསྡུ་སྐབས། སློབ་གྲྭ་ཐོན་ནས་ཕ་ཡུལ་ལ་ལོག་མ་ཐག་པའི་ཚུལ་ཁྲིམས་མཐར་ཕྱིན་གྱིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་མིང་ཐོ་བཀོད་པ་དང་། དེ་ནས་བཟུང་ཁོང་གིས་རི་སྐྱེས་སྲོག་ཆགས་སྐྱོང་བའི་ལས་ལ་གཞོལ། སྦག་སྦག་གཅིག་དང་། རྒྱང་ཤེལ་གཅིག ལམ་རྒྱགས་བྲོ་ཁུག་གཅིག ཟིན་བྲིས་དེབ་གཅིག་བཅས་ནི་ཁོང་གིས་ཐོག་མར་སྐོར་གཡེང་སྐབས་ཀྱི་སྒྲིག་ཆས་ཡོད་དོ་ཅོག་ཡིན་ནའང་། ཁོང་གིས་སྤྲོ་སེམས་ཆེན་པོས་རླུང་བུ་འུར་འུར་ཁྲོད་དུ་བཟའ་བཏུང་བྱས་ནས་ཤན་རྩ་རྫོང་གི་སྤྱི་ལེ་ངོས་གྲུ་ཁྲི་2.5ཡི་ས་ཆར་ཕར་རྒྱུག་ཚུར་རྒྱུག་བྱེད་བཞིན་ཡོད།
  ལོ་ལྟར་ཟླ་ལྔ་པ་དང་། དྲུག་པ། བཅུ་གཉིས་པ་བཅས་ནི་ཤན་རྩ་རྫོང་དུ་རི་སྐྱེས་སྲོག་ཆགས་ལྟ་སྲུང་བར་ལས་ཀ་མང་ཤོས་སྐབས་ཡིན་པ་སྟེ། ཟླ་ལྔ་པར་ཁྲུང་ཁྲུང་སྐེ་ནག་དེ་གར་སྒོ་ང་གཏོང་བར་འོང་བ་དང་། ཟླ་དྲུག་པར་གཙོད་ཨ་མར་གཙོད་ཕྲུག་བཙའ་བ། ཟླ་བཅུ་གཉིས་པར་གཙོད་འཁྲིག་སྦྱོར་གྱི་དུས་ཡིན། བྲེལ་འཚུབ་ཆེ་བའི་དུས་དེར་ཚུལ་ཁྲིམས་མཐར་ཕྱིན་དང་ལས་རོགས་ཚོས་སྐོར་གཡེང་བྱེད་ཤུགས་ཆེ་རུ་བཏང་ནས་རི་སྐྱེས་སྲོག་ཆགས་སྐྱེ་འཕེལ་བདེ་བླག་ཡོང་བའི་འགན་ལེན་བྱེད་ཀྱི་ཡོད།
  ལོ་16རིང་། རིམ་རྩིས་བརྒྱབ་ན། ཚུལ་ཁྲིམས་མཐར་ཕྱིན་གྱིས་ལམ་ཐག་སྤྱི་ལེ་ཁྲི་100ལྷག་ཙམ་ཟིན་པའི་ཤན་རྩ་རྫོང་གི་ཤང་དང་གྲོང་རྡལ་8དང་། སྲིད་འཛིན་གྲོང་ཚོ་63ཚང་མར་བསྐྱོད་པ་དེ་སའི་གོ་ལར་བསྐོར་བ་25བརྒྱབ་པ་དང་མཚུངས་ཀྱི་ཡོད། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་རིང་། ཆེད་ལས་ཀྱི་ཤེས་བྱར་འབད་བརྩོན་ལྷོད་མེད་བྱེད་པའི་ཚུལ་ཁྲིམས་མཐར་ཕྱིན་ཐོག་མར་སྲོག་ཆགས་རྨས་མར་སྨན་བཅོས་བྱེད་མི་ཤེས་པ་ནས་ད་ཆ་རུ་ཁག་གི་རོགས་སྐྱོབ་མཁས་པ་ཞིག་ཏུ་འཚར་ལོངས་བྱུང་ཡོད། ཁོང་གིས་རི་སྐྱེས་སྲོག་ཆགས་བསྐྱབས་པའི་གྲངས་ཚད་བགྲང་གིས་མི་ལངས་བ་དང་། སྲོག་ཆགས་སྨན་བཅོས་བྱས་ནས་རང་བྱུང་ཁམས་ལ་གློད་པ་ཁོ་ནར་གྲངས་ཚད་40ལྷག་ཙམ་ཟིན་ཡོད། ཁོང་གིས་ད་དུང་རོགས་སྐྱོབ་བྱེད་སྟངས་ཀྱི་ཤེས་བྱ་རུ་མི་ཚོར་བསླབས་ནས་ཚོགས་པ་ཧྲིལ་པོའི་རོགས་སྐྱོབ་ནུས་པ་ཆེ་རུ་འགྲོ་བར་སྣེ་ཁྲིད་བྱས་ཡོད། 2015ལོར་ཁོང་གི་ལས་རྗེས་གཟེངས་སུ་ཐོན་པར་བརྟེན་ཤན་རྩ་རྫོང་གི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་རུ་ཁག་གི་རུ་དཔོན་ལ་བདམས་པ་དང་། 2024ལོའི་ཟླ་དགུ་པར། གསར་དུ་བཙུགས་པའི་གསའ་སྲུང་སྐྱོབ་རུ་ཁག“གངས་ཀྱི་དཔའ་བོའི”རུ་དཔོན་གྱི་འགན་ཁུར་ནས་རུ་མིའི་སྣེ་ཁྲིད་དེ་གསའི་འཚོ་གནས་དང་སྐྱེ་འཕེལ་ལ་སྲུང་སྐྱོང་བྱ་རྒྱུར་གཞོལ་ཡོད།
  ལོ་འཁོར་མོར་ཕྱིར་བསྡད་དེ་རི་སྐྱེས་སྲོག་ཆགས་དང་འབྲེལ་འདྲིས་བྱེད་སྐབས་ཕྱོགས་གང་ཅིའི་ཐད་ལ་ཉེན་ཁས་ཁེངས་ཡོད། 2015ལོའི་དབྱར་ཁའི་མཚན་གུང་ཞིག་ལ། ཚུལ་ཁྲིམས་མཐར་ཕྱིན་ལ་འབྲོག་པ་ཞིག་གིས་རང་ཁྱིམ་གྱི་ལྷས་རར་གསའ་མོ་འཛུལ་ནས་ལུག་མང་པོ་བསད་འདུག་པས་རོགས་པ་བྱེད་རོགས་ཞེས་བཤད། ཁོང་གིས་གནས་ཚུལ་དེ་འཕྲལ་མར་སྙན་སེང་ཞུས་ནས་མཚན་མོ་དེ་རང་ལ་ཐོན་ཏེ་རོགས་པ་བྱས་རྗེས་གསའ་དེ་རོགས་སྐྱོབ་ས་ཚིགས་སུ་ཁྲིད་ཡོང་བ་དང་། ཉིན་གཉིས་པར་ཚེ་ཐར་གཏོང་སྐབས་གསའ་དེས་གློ་བུར་དུ་ཁོང་གི་ལག་པ་གཡས་པར་སོ་བརྒྱབ་པ་རེད། ད་ལྟ་ཡང་ཁོང་གི་མཐེ་ཆུང་ད་དུང་ཡང་རྐྱང་ཐུབ་ཀྱི་མེད་མོད། ཡིན་ནའང་ཁོང་གིས་ད་དུང་རྨ་ཁ་དེ་རང་བྱུང་ཁམས་ཀྱིས་བསྩལ་བའི་རྟགས་མ་ལྟ་བུར་རྩི་བཞིན་ཡོད། ཕྱིས་སུ་སྐོར་གཡེང་བྱེད་སྐབས། ཁོང་དང་ལས་རོགས་ཚོར་དྲེད་མོང་ཐེངས་མང་ཐུག་ཡོད་ནའང་ཕྱིར་འཐེན་བྱེད་མྱོང་མེད།
  ཚུལ་ཁྲིམས་མཐར་ཕྱིན་གྱིས་ལོ་16ལས་གནས་བརྟན་སྲུང་བྱས་ནས་སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མིན་པའི་བྱས་རྗེས་བཞག་ཡོད། ཁོང་ནི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་མཁན་ཞིག་ཡིན་ལ་སྐྱེ་ཁམས་ཤེས་དཔལ་ལག་ལེན་བསྟར་མཁན་ཞིག་ཡིན་པ་མ་ཟད། དུས་རབས་གསར་པའི་ལེ་ཧྥུང་གི་སྙིང་སྟོབས་རྒྱུན་འཛིན་བྱེད་མཁན་ཞིག་དེ་བས་ཡིན། 2024ལོར་དུས་ཚིགས་དང་པོའི“ཀྲུང་གོའི་མི་བཟང་གི་མིང་གྲལ”ནང་། ཁོང་ལས་བཀུར་ལེགས་སྐྱེས་ཀྱི“ཀྲུང་གོའི་མི་བཟང”ལ་བདམས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་ལས་གནས་ཐོག་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་ནང་དོན་ཟབ་མོར་འགྲེལ་བཤད་བརྒྱབ་ཡོད་ལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བར་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད།