བོད་ལྗོངས་ཀྱིས་སྔ་ཕྱི་བར་གསུམ་དུ་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་སྤུས་ཚད་མཐོ་པོའི་སྒོ་ནས་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་རྒྱུ་དེ་དམངས་འཚོ་འགན་ལེན་དང་། འཕེལ་རྒྱས་ལ་སྐུལ་འདེད། སྔོན་དཔག་བརྟན་པོ་སོགས་ཀྱི་དོན་ཆེན་ཨང་དང་པོར་བརྩིས་ནས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་འགན་དོན་འཁྱོལ་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད། 2024ལོར་བོད་ལྗོངས་ཡོངས་ཀྱི་ལོ་དེ་གའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ལས་ཞུགས་ཐུབ་ཚད95%ཡན་ཟིན་ནས། རིམ་པ་དང་ཐབས་ལམ་མང་པོས་མཉམ་གཅིག་ཏུ་ཤུགས་རྒྱག་པའི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།
བོད་ལྗོངས་ཀྱིས་ལས་གནས་མཁོ་སྤྲོད་བྱ་རྒྱུ་དེ་ལས་ཞུགས་གང་ལེགས་བྱེད་པའི་འགན་སྲུང་གལ་ཆེན་ཞིག་ཏུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ནས། 2024ལོར་རིམ་རྩིས་བརྒྱབ་ན་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གནས་ཁྲི7.56གསར་སྤེལ་བྱས་པ་དེ་དུས་མཚུངས་ལས5%འཕར་བའི་ནང་དུ། གཞུང་ཁོངས་ཀྲུང་དབྱང་ཁེ་ལས་ཀྱི་ལས་གནས7063ཡོད་པ་དེ2023ལོ་ལས10%ཙམ་འཕར་ཡོད་པ་དང་། སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་ལག་བསྟར་བྱེད་པ་དང་ལས་ཞུགས་ཁ་གསབ་བསྡུ་ལེན་བྱེད་པ་སོགས་ཀྱི་སྲིད་ཇུས་མང་པོ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། རིམ་རྩིས་བརྒྱབ་ན་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ཁྲོམ་རའི་ལས་ཞུགས་ཁ་གསབ་སྒོར་དུང་ཕྱུར9.8སྤྲད་ནས། མི་ཐེངས་ཁྲི3.8ལ་ཕན་ཐོགས་ཡོད།
ལས་ཞུགས་ཞབས་ཞུ་ལེགས་སུ་བཏང་བའི་རྨང་གཞིའི་ཐོག “གཞི་གཅིག་ཅན་གྱི་རིག་ལྡན་གདན་ཞུའི་ལས་སྟེགས”བརྒྱུད་དེ་ཁྲུང་ཆིང་སོགས་ཞིང་ཆེན་དང་གྲོང་ཁྱེར25དང་གཞི་གྲངས་དུས་ཐོག་མཉམ་སྤྱོད་བྱས་ནས། གདན་ཞུའི་འདུ་ཚོགས་སྣ་ཚོགས་ཐེངས1000ལྷག་ཙམ་གཉེར་བ་དེ་དུས་མཚུངས་ལས11.1%མང་དུ་ཕྱིན་ཡོད་པ་དང་། ལས་འགན་གཙང་ལེན་གྱི་འགན་འཁྲི་ནན་དུ་བཏང་ནས། “1+7”གྱི་འགན་འཁྲིའི་ཞིབ་ཐོ་བཟོས་པ་དང་། ལས་ཞུགས་རོགས་སྐྱོར“1131”(ལས་རིགས་མཛུབ་ཁྲིད་ཐེངས1སྤེལ་བ་དང་། ཁྱིམ་དུ་འཚམས་འདྲིར་ཐེངས1ལེགས་པར་བྱེད་པ། ལས་གནས་འོས་སྦྱོར་ཐེངས3བྱེད་པ། གསོ་སྦྱོང་དང་དངོས་སྦྱོང་གི་གོ་སྐབས་ཐེངས1མཁོ་འདོན་བྱེད་པ)མཁོ་འདོན་བྱས་པ། ལས་བྱེད་པ་ཁྲི1.4སྒྲིག་འཛུགས་ཀྱིས་ལས་ཞུགས་ཐུབ་མེད་པའི་མཐར་ཕྱིན་སློབ་མར“གཅིག་ལ་གཅིག་གཏད”ཀྱི་ཆ་སྒྲིག་རོགས་སྐྱོར་བྱས་ཏེ། ལས་ཞུགས་བྱེད་འདོད་ཡོད་པའི་ཁྱིམ་ཚང་དཀའ་ངལ་ཅན་གྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མར་ལས་ཞུགས100%ཐུབ་པར་བྱས་ཡོད།
ད་ལོ་བོད་ལྗོངས་ཀྱིས་སྲིད་ཇུས་ཀྱི་རྒྱབ་སྐྱོར་ལ་མུ་མཐུད་ཤུགས་སྣོན་པ་དང་། ལས་གནས་བསྡུ་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། འདུ་ཤེས་འགྱུར་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ། ཐབས་མང་མཉམ་སྤྱོད་ཀྱིས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ལས་ཞུགས་ཡག་པོ་ཐུབ་རྒྱུར་རོགས་རམ་བྱས་ནས། ལས་ཞུགས་ཐད་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་བཏང་ཡོད་པ་དང་། དེ་དང་ཆབས་ཅིག་ལས་ཞུགས་ཞབས་ཞུ་ལེགས་སུ་བཏང་ནས། བོད་ལྗོངས་ཀྱི་སྤྱི་པའི་ལས་ཞུགས་ཞབས་ཞུ་གཞི་གཅིག་ཅན་གྱི་ལས་སྟེགས་འཛུགས་སྐྱོང་བེད་སྤྱོད་བྱ་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་ཞིང་། ལས་ཞུགས་ཞབས་ཞུ་སྒྲུབ་ཡུལ་ཡོངས་ཁྱབ་ཐུབ་པ་དང་ཁ་གསབ་དངུལ་སྤྲོད་པའི་བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་གཉེར་རྒྱུ་མངོན་འགྱུར་བྱུང་སྟེ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སྤུས་ཚད་མཐོ་པོས་ལས་ཞུགས་གང་ལེགས་ཐུབ་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད།