ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཡར་ཀླུང་གཙང་པོའི་གཡེང་འགྲུལ་ཏེ།དགའ་སྤྲོས་ཁེངས་པའི་མཆོང་སྐྱོད་ཅིག

སྤེལ་དུས 2025-04-17 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

      ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ4པའི་ཚེས13ཉིན། ཡར་ཀླུང་གཙང་པོའི་གཡེང་འགྲུལ་འཚོལ་ཞིབ་རྟོག་ཞིབ་བྱེད་སྒོ་ནི་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་དུ་སྤེལ་ཞིང་། བོད་ལྗོངས་སུ་བཅའ་སྡོད་ཀྲུང་དབྱང་སྨྱན་སྦྱོར་གྱི་གསར་འགོད་པ་དང་བོད་ལྗོངས་ནང་ཁུལ་གྱི་སྨྱན་སྦྱོར་གསར་འགོད་པས་གཅིག་རྗེས་གཉིས་མཐུད་ངང་ཉམས་ལེན་གྱིས་གནས་ཚུལ་སྤེལ།      སྙེ་མོ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ལོ་གཅིག་ལྷག་ཙམ་རིང་ལ། ཡུལ་དངོས་སུ་བརྟག་ཞིབ་རྩད་ཞིབ་དང་ཚོད་ལྟ་ཡང་ཡང་བྱས་པ་སོགས་ཀྱི་རྨང་གཞིའི་ཐོག་མཐར་སྙེ་མོ་རྫོང་གི་གཡེང་འགྲུལ་ཉམས་ལེན་རྣམ་གྲངས་དུམ་བུ་གཏན་འཁེལ་བྱས་པ་རེད། ངོ་སྤྲོད་བྱས་པ་ལྟར་ན། ཡར་ཀླུང་གཙང་པོའི་སྙེ་མོ་དུམ་བུའི་རིང་ཚད་ལ་སྤྱི་ལེ40ཙམ་ཡོད་ཅིང་། སྙེ་མོ་རྫོང་གི་གཡེང་འགྲུལ་ཉམས་ལེན་རྣམ་གྲངས་དུམ་བུ་ནི་ཐོན་པ་མཛེས་ལྗོངས་ཁུལ་གྱི་འགྲམ་དུ་གནས་པ་དང་རིང་ཚད་ཧྲིལ་པོ་ལ་སྤྱི་ལེ7ཙམ་ཡོད། གཙང་པོའི་དུམ་བུ་དེར་ཡུལ་སྐོར་བ་ཚོ་གཡེང་འགྲུལ་གྱི་སྤྲོ་སྣང་མྱོང་རོལ་བྱེད་སར་ཆུ་དྭངས་ཤིང་གཙང་ལ། སྙིང་རྩ་འདར་སའི་དྲག་རྒྱུག་འགྲན་བསྡུར་གྱི་དུམ་བུ་ཡང་ཡོད་པས་དེ་རུ་སྤྲོ་སྣང་ལྡན་པའི་གཡེང་འགྲུལ་བྱེད་སྒོ་ལ་མྱོང་རོལ་བྱེད་ཐུབ། 

 

ཀོ་གྲུའི་རྩལ་ཁྲིད་པས་ཚང་མར་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ། 

     ཉམས་ལེན་བས་རང་བྱུང་ཁམས་ཀྱི་མཛེས་པ་དང་སེམས་ཀྱི་སྤྲོ་སྣང་མྱོང་ཚོར་བྱེད་བཞིན་ཡར་ཀླུང་གཙང་པོའི་ཐོག་གཡེང་བའི་འགྲུལ་བཞུད་ཐེངས་གཅིག་བྱས་ཤིང་། བློ་སྟོབས་དང་འཚོལ་ཞིབ་ཀྱི་སྙིང་སྟོབས་ལ་ངོས་འཛིན་གསར་པ་ཞིག་ཐོབ་པ་རེད། འགོ་མ་བརྩམ་གོང་ལ། ཉམས་མྱོང་ཕུན་སུམ་ཚོགས་པའི་ཀོ་གྲུའི་རྩལ་ཁྲིད་པས་གཡེང་འགྲུལ་ལམ་ཐིག་དང་བདེ་འཇགས་སྔོན་ཇུས་ངོ་སྤྲོད་དང་བཀོད་སྒྲིག་ཞིབ་ཚགས་བྱེད་ཀྱི་ཡོད་ལ། བདེ་འཇགས་འགན་ལེན་བྱ་ཆེད། ཉམས་ལེན་པ་ལ་ཆེད་ལས་ཀྱི་གཡེང་སྐྱོད་སྒྲིག་ཆས་དང་སྲོག་སྐྱོབ་སྒྲིག་ཆས་སོགས་ཀྱང་བཀོད་སྒྲིག་བྱས་ཡོད། 

 ཞོགས་པའི་ཉི་གཞོན་གཙང་པོ་ངོས་སུ་འཕྲོ་དུས། ཉམས་ལེན་པ་ཚོ་གཙང་པོའི་ངོགས་སུ་ལངས་ནས་སེམས་སུ་གུས་སྐྲག་དང་རེ་སྒུག་གིས་ཁེངས་ཡོད། ཡར་ཀླུང་གཙང་པོ་ཡིས་དེའི་མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ལྗོངས་ཀྱིས་ཡུལ་སྐོར་བ་དང་ཉམས་ལེན་པ་ཚོའི་ཡིད་དབང་འགུག་བཞིན་ཡོད་པས། མཛེས་སྡུག་ལྡན་པའི་རི་མོ་དེའི་ཁྲོད་ཀྱི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ནས་རི་ཀླུང་མཛེས་པ་ཡོངས་སུ་མྱོང་རོལ་བྱེད་ཐུབ། 

ཡར་ཀླུང་གཙང་པོའི་གཡེང་འགྲུལ་རྣམ་གྲངས།

ཡར་ཀླུང་གཙང་པོའི་གཡེང་འགྲུལ་རྣམ་གྲངས། 

     ཆེད་མངགས་བཟོས་པའི་ཆེད་ལས་ཀྱི་འགྱིག་གྲུར་བསྡད་དེ་དྲག་ཏུ་རྒྱུག་པའི་གཙང་ཆུ་དང་བསྟུན་ནས་ཉམས་ལེན་པས་གཡེང་འགྲུལ་ཡུལ་སྐོར་བྱེད་འགོ་བརྩམས། གཙང་ཆུའི་སྐུལ་འདེད་འོག་གྲོག་རོང་གསེང་དུ་སྐྱོད་སྐབས། ངོགས་གཉིས་ཀྱི་རི་བོ་དགུང་སྔོན་དབྱིངས་སུ་ཟུག་ཅིང་། བྲག་རྡོ་རང་རོང་དུ་གནས་ཡོད་པས། དེ་དག་ལས་ལོ་ངོ་སྟོང་གི་ལོ་རྒྱུས་ཀྱི་འཕེལ་རིམ་དང་འཕོ་འགྱུར་བརྗོད་བཞིན་ཡོད་པ་དང་ཀུན་ནས་མཚུངས། གཡེང་འགྲུལ་བྱེད་ཟབ་ཏུ་ཕྱིན་པ་དང་བསྟུན་ནས། ཉམས་ལེན་པ་ཚོས་སྙིང་འགུལ་བླ་འདར་གྱི་སྐད་ཅིག་ཉིད་ཉམས་ལེན་བྱེད་འགོ་ཚུགས། གཙང་པོ་སྐབས་རེ་ལྷིང་འཇགས་སུ་གནས་ཡོད་ལ། སྐབས་རེ་རྦ་རླབས་ལང་ལོང་དུ་འཕྱུར་བཞིན་ཡོད་པས། དེ་ནི་རང་བྱུང་ཁམས་ཆེན་པོས་ཉམས་ལེན་པའི་བློ་སྟོབས་ལ་ཚོད་བགམ་བྱེད་པ་དང་འདྲ། གཡང་གཟར་གྱི་གྲོག་རོང་ཁྲོད། ཉམས་ལེན་པ་ཚོས་ཡར་ཀླུང་གཙང་པོའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་བདེན་དཔང་བྱས་ལ། གཡང་གཟར་གྱི་བྲག་རི་དང་ལང་ལོང་དུ་འཕྱུར་བའི་རླབས་ཟེགས་སོགས་ལས་མི་རྣམས་ཧ་ལས་ཧང་སངས་པར་གྱུར། དེ་དང་ཆབས་ཅིག ཉམས་ལེན་པས་དྲག་རྒྱུན་དང་ཀློང་འཁོར་སོགས་རང་བྱུང་འགོག་རྐྱེན་གྱི་འགྲན་སློང་ལ་ཁ་གཏད་གཅོག་དགོས་པས། ཐེངས་རེ་རེར་དེ་ལས་བདེ་བླག་ངང་སྒྲོལ་བ་ལས་མི་རྣམས་ཀྱིས་རང་བྱུང་ཁམས་ལ་དེ་བས་གུས་སྐྲག་གི་སེམས་པ་སྐྱེ་སྲིད། 

     མདུན་དུ་སྐྱོད་པ་དང་མཉམ་དུ་གཙང་ཆུའི་ཁ་དོག་ཀྱང་རྒྱུན་ཆད་མེད་པར་འགྱུར་ལྡོག་འགྲོ་བཞིན་ཡོད་པ་སྟེ། སྔོ་ལྗང་ནས་སྔོ་ནག་བར་དང་དེ་ནས་དྭངས་གསལ་སོགས་དུམ་བུ་རེ་རེ་ལས་མཛེས་ཉམས་མི་འདྲ་བ་མངོན་གྱི་ཡོད། གཙང་ངོས་སུ་སྐབས་རེར་ཆུ་བྱ་འགའ་འཕུར་ཡོང་གི་ཡོད་ལ། དེ་དག་འཕུར་ཤུལ་གྱི་ཆུ་ངོས་སུ་ཆུ་རིས་ཀྱང་འགའ་སྐྱུར་བས་ལྷིང་འཇགས་ཀྱི་གཙང་ངོས་ལ་སྐྱེ་སྟོབས་དང་གསོན་ཤུགས་ཤིག་བསྣན་ཡོང་། དེ་དང་ཆབས་ཅིག གཙང་འགྲམ་གྱི་ཡུལ་ལྗོངས་ཀྱིས་ཀྱང་ཡིད་དབང་རབ་ཏུ་འཕྲོག་སྟེ། ལྟོས་ཚོད་ཀྱིས་སྤྱིར་བཏང་ཡིན་ཡང་གསོན་ཤུགས་ཀྱིས་ཁེངས་པའི་བྲག་རྡོ་དང་། ཤིང་སྡོང་། མེ་ཏོག་དང་རྩྭ་ཤིང་བཅས་ཚང་མས་རང་ཉིད་ཀྱི་བྱ་ཐབས་ཐོག་ནས་ཚེ་སྲོག་གི་འགྱུར་མེད་དང་མཛེས་སྡུག་གསལ་འགྲེལ་བྱེད་བཞིན་མཆིས། 

 

ཉམས་ལེན་བ་ཚོས་དྲན་རྟེན་མཉམ་པར་རྒྱག་བཞིན་པ། 

     གཡེང་འགྲུལ་མཇུག་སྒྲིལ་རྗེས། ཉམས་ལེན་པ་ཚོས་བྱེ་ཐང་ཞིག་ཏུ་བསྡད་ནས་གཅིག་རྗེས་གཉིས་མཐུད་ངང་པར་བརྒྱབ་ཅིང་། གཡེང་འགྲུལ་ཁྲོད་ཀྱི་མཐོང་ཐོས་མཉམ་སྤྱོད་བྱས་པ་དང་། རང་བྱུང་ཁམས་ལས་བྱུང་བའི་ཚོར་ཤེས་དང་གུས་སྐྲག་ལ་གླེང་མོལ་བྱས། སྐབས་དེར་ཉམས་ལེན་པ་ཚོས་མི་དང་རང་བྱུང་ཁམས་བར་ཞི་མཐུན་མཉམ་གནས་བྱུང་བའི་མཛེས་སྡུག་ལ་མྱོང་ཚོར་ཟབ་མོ་ཐུབ་ཅིང་། ཚེ་སྲོག་ཁྲོད་ཀྱི་ཆེས་དྭངས་མའི་བདེ་སྐྱིད་དང་ཡིད་ཚིམ་ལའང་རོལ་མྱོང་ཐེངས་ཤིག་བྱས།