ཕྱི་འབྲེལ་པུའུ་ཡིས་ཚེས14ཉིན། ཨ་རིས་སྒོ་ཁྲལ་སྣོན་བསྡུ་བྱས་པའི་ཐད་ཀྲུང་གོ་དང་ཡོ་རོབ་བར་འབྲེལ་གཏུག་བྱས་པའི་གནས་ཚུལ་ངོ་སྤྲོད་བྱས་འདུག དེའི་ཐད་མགྲིན་ཚབ་པ་ལིན་ཅན་གྱིས། ཨ་རིས་སྒོ་ཁྲལ་དེ་གནོན་ཤུགས་ཆེན་པོ་སྤྲོད་པ་དང་སྒེར་གྱི་ཁེ་ཕན་སྒྲུབ་བྱེད་ཀྱི་ལག་ཆར་བརྩིས་ཐོག རང་ཉིད་ཀྱི་ཁེ་ཕན་ཆེད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྤྱི་ཕན་རྡོག་རོལ་དུ་གཏོང་བཞིན་ཡོད། དེ་ནི་ཕྱོགས་རྐྱང་པའི་རིང་ལུགས་དང་། སྲུང་སྐྱོབ་རིང་ལུགས། དཔལ་འབྱོར་ཐད་ཀྱི་བཙན་པོ་ཧམ་ཤེད་བཅས་ཀྱི་བྱ་སྤྱོད་དཔེ་མཚོན་དུ་རུང་བ་ཞིག་ཡིན་པས། དེས་ཀྲུང་གོ་དང་ཡོ་རོབ་ཚུད་པའི་འཛམ་གླིང་རྒྱལ་ཁག་གི་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད།
ཀྲུང་གོ་ཕྱོགས་ཀྱིས་རང་ངོས་ཀྱི་ལུགས་མཐུན་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་བཞིན་ཡོད། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་ནི་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པ་དང་གསུམ་པ་ཡིན། ཕྱོགས་གཉིས་ཀྱི་དཔལ་འབྱོར་སྤྱི་འབོར་འཛམ་གླིང་གི་དཔལ་འབྱོར་སྤྱི་འབོར་གྱི་གསུམ་ཆ་གཅིག་ལས་བརྒལ་བ་དང་། ཉོ་ཚོང་བྱེད་ཚད་ཀྱིས་གོ་ལ་ཧྲིལ་པོའི་ཉོ་ཚོང་གི་བཞི་ཆ་གཅིག་ལས་བརྒལ་ཡོད། ཀྲུང་གོ་དང་ཡོ་རོབ་ཚང་མ་ནི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དང་ཉོ་ཚོང་རང་མོས་ཅན་གྱི་དར་སྤེལ་གཏོང་མཁན་དང་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་བློ་བརྟན་འགྱུར་མེད་ཀྱི་སྲུང་སྐྱོང་པ་དང་རྒྱབ་སྐྱོར་བ་ཡིན། ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་ནས་ཀྱང་འཛམ་གླིང་དཔལ་འབྱོར་འཁོར་སྐྱོད་ཡག་པོ་ཡོང་བར་བརྟན་བརླིང་རང་བཞིན་དང་གཏན་འཁེལ་རང་བཞིན་དགོས་ཀྱི་ཡོད། ཡོ་རོབ་དང་ཀྲུང་གོས་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱིས་ལྟེ་བ་བྱས་པ་དང་། དྲང་གཞག་རང་དབང་གི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལ་སྲུང་སྐྱོང་བྱ་རྒྱུར་ཤུགས་རྒྱག་བཞིན་ཡོད། གོ་ལ་ཧྲིལ་པོའི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་སྐྱོན་བྲལ་བརྟན་ལྷིང་ངང་འཕེལ་རྒྱས་འགྲོ་རྒྱུར་སྲུང་སྐྱོང་བྱ་རྒྱུ་དེ་ཕྱོགས་གཉིས་དང་འཛམ་གླིང་གི་ཐུན་མོང་ཁེ་ཕན་དང་མཐུན་ཡོད་ཅེས་གསུངས་ཡོད།
འགན་འཁྲི་འཁུར་མཁན་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཆ་ནས། ཀྲུང་གོས་བྱ་ཐབས་མཐར་ཕྱིན་པ་སྤྱད་ནས། རང་ངོས་ཀྱི་ལུགས་མཐུན་ཁེ་ཕན་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན། ཀྲུང་གོས་ཡོ་རོབ་མནའ་འབྲེལ་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། གོང་འཕེལ་གྱི་གོ་སྐབས་མཉམ་སྤྱོད་བྱེད་པ། སྒོ་དབྱེ་མཉམ་ལས་རྒྱ་སྐྱེད་གཏོང་བ། གཉིས་ཕན་མཉམ་རྒྱལ་ཡོང་བ་བཅས་བྱེད་པ་དང་། རང་ངོས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱ་རྒྱུ་མ་ཟད། རྒྱལ་སྤྱིའི་ཉོ་ཚོང་གི་སྒྲིག་སྲོལ་དང་འདྲ་མཉམ་དྲང་བདེན་ལ་མཉམ་དུ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་གསུངས་འདུག