ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝང་ཅུན་ཀྲེང་2025ལོའི་ལྷ་སའི་དཔྱིད་དུས་ཀྱི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་པ།

སྤེལ་དུས 2025-04-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
ཟླ་4ཚེས་17ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་2025ལོའི་ལྷ་སའི་དཔྱིད་དུས་ཀྱི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་ཤིང་། འདི་ནི་ཝང་ཅུན་ཀྲེང་གིས་ཚང་མ་དང་ལྷན་དུ་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་བཞིན་པ།
         ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་ཀྱིས་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ལ་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་བཏང་སྟེ་ས་གཞི་ཆེན་པོ་སྔོ་ལྗང་གིས་བརྒྱན་པ་དང་འཚོ་བར་བཀྲག་མདངས་སྣོན་དགོས།
         ཚེས་17ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་2025ལོའི་ལྷ་སའི་དཔྱིད་དུས་ཀྱི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་ཀྱིས་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ལ་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ་དང་དམངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་ནས་ས་གཞི་ཆེན་པོ་སྔོ་ལྗང་གིས་བརྒྱན་པ་དང་འཚོ་བར་བཀྲག་མདངས་སྣོན་དགོས་པའི་ནན་བཤད་གནང་བ་རེད།
         ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལག་བསྟར་གཏིང་ཟབ་བྱེད་པ་དང་ཆབས་ཅིག ཁྲེང་ཀོན་ཆུས་ཚེ་མཆོག་གླིང་གི་ཤིང་འཛུགས་བྱ་ཡུལ་གང་སར་ལྗོན་ཤིང་གསར་པ་སྔོ་ཐིང་ངེར་སྐྱེས་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས། རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་ཅུན་རིམ་པའི་འགོ་ཁྲིད་ཤིང་འཛུགས་བྱ་ཡུལ་དུ་ཕེབས་ནས་ལས་བྱེད་མང་ཚོགས་དང་ལོ་ཆུང་གདོང་ལེན་རུ་མི་དང་མཉམ་དུ་འོས་འགན་ཤིང་འཛུགས་ནང་ཞུགས་ཤིང་། ཚང་མས་ས་དོང་འདྲུ་བ་དང་། ས་རྒྱོང་བ། ཆུ་རྒྱག་པ་བཅས་བྱས་ཏེ་ཡོ་འབོག་ཅི་ལི་དང་། ལོ་སྨུག་ལི། གཡའ་ཤིང་རྟ་རྨིག་སོགས་སྡོང་ཕྲུག་བཏབ་ཅིང་། ཤིང་འཛུགས་བྱ་ཡུལ་དུ་བྲེལ་འཚུབ་ཀྱི་རྣམ་པས་ཁེངས།
         ཝང་ཅུན་ཀྲེང་གིས་ཤིང་འཛུགས་ཀྱིན་འདེབས་བཞིན་པའི་ལྗོན་ཤིང་རིགས་ཀྱི་ཁྱད་ཆོས་དང་སྐྱེ་འཚར་བདག་སྐྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ནས་འབྲེལ་ཡོད་ཕྱོགས་ལ་ཆོས་ཉིད་ལ་བརྩི་འཇོག་དང་ཚན་རིག་ལ་སྣང་ཆེན་བྱེད་པ་དང་སྐྱེ་དངོས་སྣ་མང་རང་བཞིན་མངོན་གསལ་དོད་དུ་བཏང་ནས་ཡུལ་བབ་དང་བསྟུན་པ་དང་། ལྗོང་ཤིང་འཚམ་སར་ལྗོན་ཤིང་འདེབས་པ། གཡོག་བྱེད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གསར་དུ་བཏབ་པའི་ལྗོན་ཤིང་འཚར་ལོངས་ཡག་པོ་ཡོང་བ་དང་བཏབ་ཚད་གསོན་ཐུབ་པ་དང་ཡུག་གཅིག་སྔོ་ལྗང་ཅན་དུ་འགྱུར་བ་བྱེད་དགོས་པའི་མངགས་བཅོལ་གནང་བ་རེད།
         ཤིང་འཛུགས་བྱེད་རིང་། ཝང་ཅུན་ཀྲེང་གིས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་འཕེལ་རིམ་གནས་ཚུལ་སྐོར་གྱི་སྙན་སེང་གསན་ཞིང་། ཁོང་གིས་བོད་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་བཀོད་སྒྲིག་བྱས་ཡོད། ཉེ་བའི་ལོ་ཤས་རིང་། ཏང་སྲིད་དམག་ཉེན་དམངས་བཅས་སྐུལ་སློང་གིས་ལྗང་མདོག་ཁྱིམ་གཞིས་མཉམ་སྐྲུན་བྱས་ནས་རི་ཀླུང་སྔོ་ལྗང་གིས་ཁེངས་པ་དང་། ས་མཐོ་སྔོ་ལྗང་གིས་བརྒྱན་པ། གངས་ལྗོངས་སྔོ་ལྗང་ཅན་དུ་འགྱུར་བ་བཅས་བྱེད་པར་སྐུལ་འདེད་ནུས་ལྡན་བཏང་ཡོད། འདི་ལོ་ནི“རི་བོ་གཉིས”ཀྱི་དགོངས་གཞི་བཏོན་ནས་ལོ་20འཁོར་བའི་ལོ་ཞིག་རེད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་ལག་བསྟར་གཏིང་ཟབ་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“སྔོ་ལྗང་སྣོན་པ་ནི་ལེགས་ཆ་བསྣན་པ་དང་ལྗོན་ཤིང་འཛུགས་པ་ནི་འབྱུང་འགྱུར་བཏོད་པ་ཡིན”ཞེས་པའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཧུར་ཐག་གཏོད་པ་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་རྒྱུར་འབད་བརྩོན་བྱེད་དགོས། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱ་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་སྔོ་ལྗང་རྒྱ་སྐྱེད་དང་། སྔོ་ལྗང་དར་སྤེལ། སྔོ་ལྗང་སྲུང་སྐྱོང་བཅས་ཀྱི“ལྗང་གསུམ”མཉམ་སྤེལ་མཐའ་འཁྱོངས་བྱེད་པ་དང་། ནགས་ཚལ་ཆུ་མཛོད་དང་། དངུལ་མཛོད། འབྲུ་མཛོད། ཐཱན་མཛོད་བཅས་ཀྱི“མཛོད་བཞི”མཉམ་འགུལ་ལ་སྐུལ་འདེད་གཏོང་བ། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་ཚན་རིག་དང་མཐུན་ལ་ནུས་ཆེའི་སྒོ་ནས་སྐུལ་འདེད་གཏོང་བ། ཡུལ་བབ་ལ་བསྟུན་ནས་ལྗོན་ཤིང་རིགས་སྣ་འདེམས་པ། ཐབས་མང་མཉམ་སྤྱོད་ཀྱིས་གཡོག་བྱེད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ལྗོན་ཤིང་གསོན་ཚད་མཐོ་རུ་བཏང་ནས་སྔོ་ལྗང་ཅན་དུ་འགྱུར་བའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། དམངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་ནས་རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་དང་མཐུན་པ། རང་བྱུང་ལ་སྲུང་སྐྱོང་བཅས་བྱས་ཏེ་དམངས་ཡོངས་ཀྱི་སྔོ་ལྗང་བྱ་སྤྱོད་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། སྔོ་ལྗང་ལ་དགའ་ཞེན་དང་། སྔོ་ལྗང་འདེབས་འཛུགས། སྔོ་ལྗང་དར་སྤེལ། སྔོ་ལྗང་སྲུང་སྐྱོང་བཅས་གངས་ལྗོངས་ས་མཐོར་གོམས་སྲོལ་ཞིག་ཏུ་འགྱུར་བར་བྱས་ཏེ་བོད་ཀྱི་ནམ་མཁའ་སྔར་བས་གཡའ་དག་པ་དང་། རི་བོ་སྔར་བས་སྔོ་ལྗང་། ཆུ་མོ་སྔར་བས་དྭངས་བ། སྐྱེ་ཁམས་ཁོར་ཡུག་སྔར་བས་མཛེས་སྡུག་ལྡན་པ་བཅས་ཡོང་བར་བྱེད་དགོས་ཞེས་གསུངས་པ་རེད།