ཉེ་ཆར། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་རྒྱུས་ལོན་བྱུང་བར་གཞིགས་ན། ཟླ་དང་པོའི་ཚེས7ཉིན་བོད་ལྗོངས་དིང་རིར་ས་ཡོམ་རིམ་པ6.8བརྒྱབ་པའི་ཤུགས་རྐྱེན་ཐེབས་པའི་དབང་གིས། རྒྱལ་ལམ349རྒྱུད་ཀྱི་གཞིས་རྩེ་ལྷ་རྩེའི་ཡར་ཀླུང་གཙང་པོའི་ཟམ་ཆེན(བསྡུས་མིང་ལ་ལྷ་རྩེའི་ཡར་ཀླུང་གཙང་པོའི་ཟམ་ཆེན་ཟེར)ལ་གཏོར་སྐྱོན་ཚབས་ཆེན་ཐེབས་ནས་ལམ་བཀག་པས། རླངས་འཁོར་སྐྱོད་ཆོག་གི་མེད་ལ། སྐབས་དེར་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་ཟམ་པའི་འཁྲིས་སུ་ལྕགས་ཟམ་ཞིག་བསྐྲུན་རྒྱུའི་འཆར་གཞི་བཟོས་ཡོད། ཉེ་དུས་ཨར་ལས་བཟོ་སྐྲུན་ལེགས་པར་བྱས་པ་བརྒྱུད། མིག་སྔར་ལས་གྲྭ་ཡོངས་ཀྱི90%ལེགས་པར་འགྲུབ་ནས་རླངས་འཁོར་ཤར་གཏོང་ཐུབ་ལ་ཉེ།
བོད་ལྗོངས་ལྷ་རྩེའི་ཡར་ཀླུང་ཟམ་ཆེན་གྱི་སྐབས་འཕྲལ་ལྕགས་སྒྲོམ་ཟམ་ཆེན་ཨར་སྐྲུན་གྱི་ཡུལ་དངོས།
ཟླ་དང་པོའི་ཚེས7ཉིན་གྱི་ཆུ་ཚོད9དང་སྐར་མ5ལ། བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ6.8བརྒྱབ་པ་དང་། ས་ཡོམ་གྱིས་དིང་རི་དང་། ལྷ་རྩེ། ས་སྐྱ། ས་དགའ། གཏིང་སྐྱེས་སོགས་རྫོང5ལ་ཤུགས་རྐྱེན་ཐེབས་ནས་མི་ཁྲི6.15ཙམ་ལ་ཚད་གཞི་མི་འདྲ་བའི་གནོད་འཚེ་ཐེབས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་རྩེའི་ཡར་ཀླུང་ཟམ་ཆེན་ནི་ལྷ་རྩེ་རྫོང་གི་ཕྱི་རོལ་གྱི་སྤྱི་ལེ5ཡི་ཡར་ཀླུང་གཙང་པོའི་སྟེང་དུ་བསྐྲུན་ཡོད་ཅིང་། རིང་ཚད་ལ་སྨི205ཡོད་པ་དེ་ནི་དབྱིན་ཡིག་གི་གསལ་བྱེདTཡི་དབྱིབས་སུ་མངོན་པའི་ཟམ་པ་ཞིག་ཡིན་ལ། དེ་གཞིས་རྩེ་དང་ས་དགའ། ངམ་རིམ། མངའ་རིས་སོགས་བར་གྱི་འགྲིམ་འགྲུལ་འགག་མདོ་གལ་ཆེན་ཞིག་དང་། གཙང་པོའི་ཕ་རོལ་གྱི་ཞིང་འབྲོག་མང་ཚོགས་ལྷ་རྩེར་འགྲོ་ན་ངེས་པར་དུ་བརྒྱུད་དགོས་པའི་ཟམ་པ་ཞིག་ཀྱང་རེད། བོད་ལྗོངས་ཀྱི་དིང་རིར་ས་ཡོམ་རིམ་པ6.8བརྒྱབ་རྗེས། ལྷ་རྩེའི་ཡར་ཀླུང་ཟམ་ཆེན་གྱི་ཆེད་མཁས་པས་ཞིབ་དཔྱད་བྱས་པ་བརྒྱུད། ཟམ་པ་དེ་ཉིད་ཉེན་ཁ་ཆེ་བའི་ཟམ་པར་གཏན་འཁེལ་བྱས་པ་དང་། དེ་རྗེས་འཕྲལ་དུ་ལམ་བཀག་ནས་འགྲོ་སྐྱོད་བྱེད་མི་ཆོག་པར་བྱས་ཤིང་། སྤྱི་ཚོགས་ཡོངས་སུ་ལམ་ཇི་ལྟར་སྐོར་ནས་འགྲོ་ཚུལ་ཡོངས་བསྒྲགས་བྱས་པར་མ་ཟད་ཟམ་པ་བསྐྱར་སྐྲུན་གྱི་ཇུས་གཞི་བཟོས། བགྲོད་ལམ་ཤར་གཏོང་ལ་ཚད་བཀག་མི་ཐེབས་པའི་ཆེད་དུ། འགྲིམ་འགྲུལ་སྡེ་ཚན་གྱིས་ས་གནས་དེ་གར་སྐབས་འཕྲལ་གྱི་ཤར་བགྲོད་འགན་ལེན་གྱི་ལྕགས་སྒྲོམ་ཟམ་པ་ཞིག་བསྐྲུན་རྒྱུ་ཐག་གིས་བཅད།
ལྷ་རྩེ་ཡར་ཀླུང་གཙང་པོའི་ཟམ་ཆེན་གྱི་གནས་སྐབས་རང་བཞིན་གྱི་ལྕགས་སྒྲོམ་ཟམ་ལས་གྲྭའི་རྣམ་གྲངས་ཀྱི་སྤྱི་ཁྱབ་བཟོ་སྐྲུན་པ་དང་། གཞིས་རྩེའི་གཞུང་ལམ་བྱ་གཞག་འཕེལ་རྒྱས་དང་འཕྲལ་སྡོམ་འགན་ལེན་ལྟེ་གནས་ལྷ་རྩེ་བདག་སྐྱོང་དུམ་བུའི་འགོ་འཛིན་གཞོན་པ་ཚེ་བསྟན་བསམ་འགྲུབ་ཀྱིས་ཨར་ལས་མི་སྣས་ནུས་ཤུགས་ཡོད་རྒུ་བཏོན་ནས། ལྕགས་སྒྲོམ་ཟམ་དུས་ལྟར་ལེགས་འགྲུབ་བྱས་རྗེས། གང་མགྱོགས་ངང་བེད་སྤྱོད་གཏོང་རྒྱུའི་འགན་ལེན་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་གནང་།