མིག་ལ་རྒྱང་སྒྲིབ་ནད་ཕོག་མཁན་མི་ཉུང་བ་ཞིག་གིས་རྒྱང་མཐོང་སྐུལ་འོད་གཤགས་བཅོས་བྱེད་འདོད་ཡོད་མོད། འོན་ཀྱང་མི་མང་པོ་ཞིག་གིས་མིག་འབྲས་ཆུང་ཆུང་ཞིག་གི་སྟེང་དུ་གཤགས་བཅོས་བྱས་ན་བདེ་འཇགས་ཡིན་མིན་དང་གཤགས་བཅོས་ཚར་རྗེས་མཇུག་རྐྱེན་ངན་པ་འབྱུང་མིན། དེ་བཞིན་མིག་གི་རྒྱང་སྒྲིབ་ཏུའུ་གྲངས་ལྡོག་འཕར་ཡོང་མིན་སོགས་ཀྱི་ཐད་སེམས་ཁྲལ་བྱེད་ཀྱི་ཡོད། འོ་ན། རྒྱང་སྒྲིབ་ནད་གཤགས་བཅོས་བྱེད་པ་དེ་བདེ་འཇགས་ཡིན་ནམ།
རྒྱང་སྒྲིབ་ནད་གཤགས་བཅོས་བྱས་ན་མིག་ཤེལ་རྒྱག་མི་དགོས་ཀྱང་གཤམ་གསལ་གྱི་དོན་དག་ལ་དོ་སྣང་བྱེད་དགོས།
རྒྱང་སྒྲིབ་ནད་གཤགས་བཅོས་བྱེད་པ་ནི་མིག་སྐྱིའི་སྐུལ་འོད་གཤགས་བཅོས་ཀྱི་རིགས་ཤིག་ཡིན། དེ་ནི་གཙོ་བོ་ནད་པའི་མིག་གི་ཀྱོག་འོད་རྣམ་པ་ཡོ་བསྲང་བྱས་ཏེ། མིག་གི་རྒྱང་མཐོང་ནུས་པ་ཇེ་དྲག་ཏུ་བཏང་ནས། མིག་ཤེལ་རྒྱག་མི་དགོས་པར་གསལ་པོར་མཐོང་ཐུབ་ཀྱི་ཡོད།
རྒྱང་སྒྲིབ་ནད་གཤགས་བཅོས་བྱས་པ་བརྒྱུད། ནད་པའི་མིག་ཤེད་དེ་གཤགས་བཅོས་གོང་བརྟག་དཔྱད་སྔོན་དཔག་བྱས་ནས་ཐོབ་པའི་མིག་ཤེད་ལས་ཐོབ་ཐུབ་ཀྱི་ཡོད་པས།(དཔེར་ན་གཤགས་བཅོས་མ་བྱས་གོང་མིག་ཤེལ་རྒྱག་པའི་མིག་ཤེད་དེ་ཏུའུ་གྲངས་1.5ཡིན་ན། གཤགས་བཅོས་བྱས་རྗེས་ཀྱི་མིག་ཤེད་ཀྱང་ཏུའུ་གྲངས1.5ལ་སླེབས་ཐུབ) མིག་ཤེལ་རྒྱག་མི་དགོས་པར་རྒྱང་ལྟ་ཐུབ་པ་མངོན་འགྱུར་ཡོང་ཐུབ་ཀྱི་ཡོད།
གཤགས་བཅོས་བྱེད་མཁན་མི་ཁྲི་1630ཡི་རྗེས་མཐུད་གནས་ཚུལ་ལ་ཞིབ་འཇུག་དང་བསྡོམས་རྩིས་ལྟར་ན། གཤགས་བཅོས་བྱས་རྗེས་ནད་པ་བརྒྱ་ཆ་97གྱི་མིག་ཤེད་ཡོ་བསྲང་ཐུབ་པས། ནད་པ་དེ་རིགས་ཀྱི་རྒྱང་མཐོང་ནུས་པ་ཇེ་དྲག་ཏུ་ཕྱིན་ནས་འཚོ་བའི་མཐོང་ཚོར་གྱི་རྣམ་པ་ཡག་པོ་ཞིག་ལ་མྱོང་རོལ་ཐུབ་ཀྱི་ཡོད། གཤགས་བཅོས་བྱས་རྗེས་ནད་པའི་སྤྱི་ཡོངས་ཀྱི་བློ་ཡིད་ཚིམ་ཚད་ཆ་སྙོམས་བརྒྱ་ཆ་95.4(87.2%-100%)ཟིན་གྱི་ཡོད། འོན་ཀྱང་དྲན་སྐུལ་ཞུ་དགོས་པ་ཞིག་ནི། རྒྱང་སྒྲིབ་ནད་གཤགས་བཅོས་ནི་གཤགས་བཅོས་ཐེངས་གཅིག་བྱས་པ་བརྒྱུད་མིག་གི་བདེ་ཐང་དེ་ནམ་ཡང་རྒྱུན་བསྐྱངས་ཐུབ་པ་ཞིག་གཏན་ནས་མིན་པར། དེ་ནི་གཤགས་བཅོས་མ་བྱས་གོང་མིག་གི་རྒྱང་མཐོང་ནུས་ཚད་དེ་ཡོ་བསྲང་བྱེད་པ་ཙམ་ཡིན་པས། གཤགས་བཅོས་བྱས་རྗེས་སླར་ཡང་རྒྱང་མཐོང་ནུས་པ་ཞན་དུ་འགྲོ་ཉེན་ཡོད་པ་དང་། ཚད་མཐོ་བའི་རྒྱང་མཐོང་ལས་འབྱུང་བའི་མིག་གི་ནད་གཞི་ཡང་སྔོན་འགོག་དང་སྨན་བཅོས་བྱེད་ཐུབ་ཀྱི་མེད།
མི་མང་པོ་ཞིག་གིས་གཤགས་བཅོས་བྱས་རྗེས་རྒྱང་སྒྲིབ་ནད་སྔོན་འགོག་སྨན་བཅོས་བྱེད་པར་ངོས་འཛིན་བྱས་ནས། མིག་ལ་སྲུང་སྐྱོབ་བྱེད་པ་སྣང་མེད་དུ་བཞག་སྟེ། འཛེམ་བག་མེད་པར་ལག་ཐོགས་ཁ་པར་དང་རོལ་རྩེད་རྩེད་ཆས་སོགས་རྩེད་བཞིན་ཡོད། འོན་ཀྱང་དེ་ལྟར་བྱས་ན་ཡང་བསྐྱར་མིག་ཤེད་ཞན་དུ་འགྲོ་སྲིད་པས། གཤགས་བཅོས་བྱས་རྗེས་མིག་ལ་སྔར་བཞིན་སྲུང་སྐྱོབ་ཡག་པོ་བྱེད་དགོས།
རྒྱང་སྒྲིབ་ནད་གཤགས་བཅོས་བྱ་རྒྱུ་དེ་བདེ་འཇགས་ཡིན་ནམ།
མི་མང་པོ་ཞིག་གིས་གཤགས་བཅོས་བྱས་རྗེས་ཏུའུ་གྲངས་བསྐྱར་ལོག་ཐེབས་རྒྱུར་སེམས་ཁྲལ་བྱེད་ཀྱི་ཡོད་མོད། དོན་དངོས་སུ་མི་མང་ཆེ་བར་ཏུའུ་གྲངས་བསྐྱར་ལོག་འབྱུང་མི་སྲིད། ནད་པ་ཉུང་ཤས་ཤིག་ལ་ཀྱོག་འོད་ཕྱིར་ལྡོག་གི་སྣང་ཚུལ་འབྱུང་སྲིད། གནས་ཚུལ་དེ་རིགས་མང་ཆེ་བ་རྒྱང་མཐོང་ཚད་མཐོ་བའི་ནད་པ་དང་གཤགས་བཅོས་བྱས་རྗེས་ལུགས་མཐུན་ངང་
མིག་སྤྱོད་རྒྱུར་དོ་སྣང་མ་བྱས་པའི་དབང་གིས་ཐོན་སྲིད།
ད་དུང་མི་ཁ་ཤས་ཀྱིས་རྒྱང་མཐོང་སྐུལ་འོད་གཤགས་བཅོས་བྱས་ཚེ། ལོ་ན་རྒས་དུས་མིག་ལོང་བར་ཆགས་མིན་ལ་སེམས་ཁྲལ་བྱེད་བཞིན་ཡོད། བཤད་ཚུལ་དེ་རིགས་ལ་ཚན་རིག་གི་གཞི་འཛིན་ས་མེད་པས། སེམས་ཁྲལ་བྱེད་དགོས་དོན་མེད།
རྒྱང་སྒྲིབ་ནད་གཤགས་བཅོས་ནི་མིག་སྐྱིའི་གཏུབ་གཞོག་གཤགས་བཅོས་ཤིག་ཡིན་པས། མིག་ནང་གི་གྲུབ་ཚུལ་དང་ཕུང་གྲུབ་ཀྱི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་མི་སྲིད། གལ་སྲིད་མི་ཁ་ཤས་ལོ་ན་རྒས་དུས་མིག་ཤེད་ཞན་དུ་ཚབས་ཆེར་སོང་ནའང་། མང་ཆེ་བ་ནི་མ་གཞི་མིག་ཤེད་ཉམས་པ་ལས་བྱུང་བ་ཞིག་རེད། དཔེར་ན། གདུང་བའི་མིག་ནད་དང་སྐྱ་འགྲིབ་སོགས་གཤགས་བཅོས་བྱས་པ་དང་ཐད་ཀར་འབྲེལ་བ་མེད།
རྒྱང་སྒྲིབ་ནད་གཤགས་བཅོས་བྱེད་པར་ཉེན་ཁ་གང་དག་ཡོད་སྲིད།
གཤགས་བཅོས་གང་འདྲ་ཞིག་ཡིན་རུང་ཉེན་ཁ་ཡོད་པ་དང་། རྒྱང་སྒྲིབ་ནད་གཤགས་བཅོས་བྱེད་པ་ཡང་དེ་ལྟར་ཡིན། འོན་ཀྱང་གཤགས་བཅོས་དེའི་ཉེན་ཁ་ཧ་ཅང་ཆུང་བ་མ་ཟད། རྒྱུན་དུ་ཚོད་འཛིན་ཐུབ་ཀྱི་ཡོད། རྒྱང་མཐོང་སྐུལ་འོད་གཤགས་བཅོས་རྗེས་སུ་རྒྱུན་དུ་འབྱུང་སྲིད་པའི་ཉེན་ཁ་ཁག་ཅིག་ཡོད་པ་སྟེ།
མཐོང་ཚོར་ལ་གནོད་སྐྱེལ་བ།
གནས་སྐབས་སམ་ཡང་ན་དུས་ཡུན་རིང་པོར་མིག་གི་མཐོང་ཚོར་ལ་གནོད་པ་སྐྱེལ་བཞིན་ཡོད། ལྷག་པར་དུ་མུན་ནག་གི་ཁོར་ཡུག་འོག་མིག་ཤེད་ཇེ་ཞན་དུ་འགྲོ་བ་དང་འོད་འཁྱིལ་བ་ཅུང་མངོན་གསལ་དོད་པོ་ཡོད། མི་ཁ་ཤས་ཀྱིས་མཚན་མོ་རླངས་འཁོར་གཏོང་དུས་གནས་ཚུལ་འདི་རིགས་ཐོན་གྱི་ཡོད་མོད། འོན་ཀྱང་ནད་རྟགས་དེ་རིགས་སྤྱིར་བཏང་ཟླ་བ་འགའི་རྗེས་སུ་མེད་པར་འགྱུར་བའམ་ཡང་ན་ཞི་ལྷོད་དུ་འགྲོ་སྲིད་པས། སེམས་ཁྲལ་བྱེད་དགོས་མེད། དུས་ཐོག་ལ་སྨན་བཅོས་བྱེད་ན་འགྲིག་གི་ཡོད།
གཤིབ་བསྡུར་ཚོར་སྐྱེན་ནུས་ཚད་ཞན་དུ་འགྲོ་བ།
ནད་རྟགས་དེ་རིགས་ཆེད་སྤྱོད་ཀྱི་ཞིབ་བཤེར་སྒྲིག་ཆས་ལ་བརྟེན་ནས་ཞིབ་བཤེར་བྱེད་ཐུབ་ལ། གོམས་རྗེས་གཞི་རྩའི་ཐོག་ཚོར་ཐུབ་ཀྱི་མེད།
མིག་སྐམ་པའི་ནད་གཞི་འབྱུང་སྲིད།
མིག་སྐམ་ནད་གཞི་དེ་ནི་གཤགས་བཅོས་བྱས་རྗེས་ཀྱི་ཆེས་རྒྱུན་མཐོང་གི་མི་བདེ་བའི་ནད་རྟགས་ཤིག་ཡིན། མིག་སྨན་སྤྱད་ན་འབྲེལ་ཡོད་ཀྱི་ནད་རྟགས་ཞི་ལྷོད་དུ་གཏོང་ཐུབ། སྤྱིར་བཏང་གཤགས་བཅོས་བྱས་རྗེས་ཀྱི་ཟླ་བ་3ནས་6བར་དུ་བཀོལ་སྤྱོད་བྱེད་དགོས།