ཏང་ཀྲུང་དབྱང་གི་བཀོད་སྒྲིག་བཀོད་འདོམས་གཞིར་བཟུང་། འདི་ལོའི་ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་གྱི་སྔ་ནུབ་ཏུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མིང་ཐོག་ནས་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པ་འདེམས་བསྐོ་དང་དེ་དག་ལ་གཟེངས་བསྟོད་བྱ་རྒྱུ་ཡིན་པ་རེད། དེ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་གསར་པ་བཏོན་རྗེས་རྒྱལ་ཡོངས་རང་བཞིན་གྱི་ངལ་རྩོལ་དཔེ་བཟང་བར་གཟེངས་བསྟོད་བྱེད་ཐེངས་ཐོག་མ་དེ་ཡིན་པ་རེད། མིག་སྔར། གཞི་རིམ་ཚན་པའི་སྤྱི་བསྒྲགས་དང་། ཐོག་མའི་ཞིབ་བཤེར། ཞིང་ཆེན་རིམ་པའི་ཁྱབ་བསྒྲགས་དང་བསྐྱར་ཞིབ། རྒྱལ་ཡོངས་ཀྱི་ཡོངས་བསྒྲགས་སོགས་ཀྱི་ལས་དོན་སྤྱིར་ན་ལེགས་གྲུབ་ཟིན་ཞིང་། ད་ལོ་མི་སྣ་2426ལ་གཟེངས་བསྟོད་བྱ་རྒྱུ་ཡིན་པའི་ནང་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་1670དང་། རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་དོན་པ་756བཅས་ཡོད་པ་རེད།
སྤྱི་ཡོངས་ནས་བལྟས་ཚེ། གཟེངས་བསྟོད་བྱ་ཡུལ་གྱི་དཀའ་ལས་བྱས་པ་ཅན་ཚང་མར་ཆབ་སྲིད་རང་བཞིན་མཐའ་འཁྱོངས་དང་། མང་ཚོགས་རང་བཞིན་ལ་མཐོང་ཆེན། ཚབ་མཚོན་རང་བཞིན་འབུར་དུ་ཐོན་པ་བཅས་དམིགས་གསལ་གྱི་ཁྱད་ཆོས་གསུམ་ལྡན་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། སྤྱི་ལོ་1950ལོ་ནས་སྤྱི་ལོ་2020ལོའི་བར་ཏང་དང་རྒྱལ་ཁབ་ཀྱིས་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བའི་གཟེངས་བསྟོད་ཚོགས་ཆེན་ཐེངས་16འཚོགས་ཤིང་། རིམ་རྩིས་བྱས་ན་སྔོན་ཐོན་མི་སྒེར་མི་ཐེངས་33708ལ་གཟེངས་བསྟོད་བྱས་པ་རེད། འདི་ལོ་ནི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་དོན་པ་འདེམས་བསྐོ་དང་གཟེངས་བསྟོད་བྱེད་ཐེངས་17པ་ཡིན་པ་རེད།