ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

2025ལོའི“འདམ་སྤྱི་རིམ”གྱི་རྟ་རྒྱུག་འགྲན་སྡུར་འགོ་ཚུགས་པ།

སྤེལ་དུས 2025-04-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

     འདམ་གཞུང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་སྟོང་རིའི་སྤུས་རྟགས་གཏོད་ཆེད། ཟླ4པའི་ཚེས23ཉིན་ནས་ཚེས27ཉིན་བར།  གདམ་གཞུང་རྫོང་གི2025ལོའི“འདམ་སྤྱི་རིམ”གྱི་རྟ་རྒྱུག་འགྲན་སྡུར་གྱི་མུ་འབྲེལ་བྱེད་སྒོ་ལས་སྟོང་རིའི་རྩེར་སོན་གདན་ཞུའི་འགྲན་བསྡུར་སྐབས་གཉིས་པ་དེ་གདམ་གཞུང་རྫོང་གི་རྟ་རྒྱུག་ཐང་དུ་གཉེར་རྒྱུ་རེད། 

     ཐེངས་འདིའི་སྟོང་རིའི་རྩེར་སོན་གདན་ཞུའི་རྟ་རྒྱུག་འགྲན་བསྡུར་ལ་བསྡོམས་པས་བང་རྒྱུག་དང་གོམ་རྒྱུག་འགྲན་སྡུར12ཡོད་པ་དང་། དེ་དག་ལས་ལྟད་མོ་བས་རེ་སྒུག་བྱེད་ས་ནི་རྟ་དང་གསེབ་དང་གོམ་རྟའི་འགྲན་བསྡུར་དང་། ས་གནས་རང་གི་རྟ་སྐོར་བ7ལ་རྒྱུགས་པའི་འགྲན་བསྡུར་རེད། ཐེངས་འདིའི་གདན་ཞུའི་འགྲན་བསྡུར་ལ་མཚོ་སྔོན་དང་། སི་ཁྲོན། ཡུན་ནན། ཀན་སུའུ་སོགས་ཀྱི་རྟ་ཞུགས་ཡོད་པ་དང་།  དེའི་ནང་བོད་ལྗོངས་དང་། ལི་ཐང་། སི་ཁྲོན་སོགས་ཀྱི་རྟ་སྐད་གྲགས་ཅན་མང་པོ་ཡང་ཐེངས་འདིའི་འགྲན་སྡུར་ལ་ཞུགས་རྒྱུ་རེད། 

     རྟ་རྒྱུག་འགྲན་བསྡུར་ལས་གཞན། གདམ་གཞུང་རྫོང་སྒྱུ་རྩལ་ཚོགས་པས་རྟ་རྒྱུག་ཐང་ཆེན་དུ་རིག་རྩལ་ལེ་ཚན་སྣ་ཚོགས་འཁྲབ་སྟོན་བྱ་རྒྱུ་ཡིན་པ་དང་། དགོང་མོར། ཚང་མས་ད་དུང་མེ་ཕུང་སྐོར་བྲོ་འཁྲབ་ཆོག  བྱེད་སྒོའི་ཡུལ་དངོས་སུ་ཚོང་ར241དང་རོལ་རྩེད་རྩེ་ས14བཙུགས་ཡོད་པས།  ལྟད་མོ་བས་བཟའ་བཏུང་གི་དཔལ་ལ་རོལ་བཞིན་རོལ་རྩེད་རྩེ་ཆོག  མིག་སྔར། གདམ་གཞུང་རྫོང་གི“འདམ་སྤྱི་རིམ”རྟ་རྒྱུག་འགྲན་བསྡུར་གྱི་མུ་འབྲེལ་བྱེད་སྒོ་ལས་སྟོང་རིའི་རྩེར་སོན་གདན་ཞུའི་འགྲན་བསྡུར་སྐབས་གཉིས་པའི་གྲ་སྒྲིག་ལས་དོན་ཐམས་ཅད་ཧ་ལམ་ཡོངས་སུ་འགྲུབ་ཚར་ཡོད།  

     གདམ་གཞུང་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཏང་ཙུའི་ཧྲུའུ་ཅི་བདེ་སྐྱིད་པད་སྒྲོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་བྱེད་སྒོར“སྲིད་གཞུང་གི་ཁྲིད་སྟོན་དང་མཐུན་ཚོགས་ཀྱི་གཙོ་ཁྲིད་དང་ཁྲོམ་ར་ཅན་གྱི་འཁོར་སྐྱོད་བཅས་ཀྱི་གསར་གཏོད་བྱེད་སྟངས་སྤྱད་ཡོད། བྱེད་སྒོའི་ཡུལ་དངོས་སུ་སྔོན་དཔག་བྱས་ན་ཉིན་རེར་ཆ་སྙོམས་ཀྱི་མི་འབོར་མི་ཐེངས་ཁྲི1.2ལས་བརྒལ་བ་དང་། གདམ་གཞུང་རྫོང་གི་ཉིན་རེའི་ཆ་སྙོམས་ཀྱི་མི་འབོར་མི་ཐེངས་ཁྲི2ཙམ་ཟིན་ནས། བཟའ་བཏུང་དང་། ཞག་སྡོད། འགྲིམ་འགྲུལ་སོགས་ཞབས་ཞུའི་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ཐུབ་པ་དང་། དཔལ་འབྱོར་ཡོང་འབབ་སྒོར་ཁྲི4000ལྷག་ཙམ་འཕར་རྒྱུར་སྐུལ་མ་ཐེབས་ནས། ས་གནས་དཔལ་འབྱོར་གྱི་གསོན་ཤུགས་ནུས་ལྡན་ངང་སྐུལ་སྤེལ་གཏོང་ཐུབ་རྒྱུ་རེད། “སྟོང་རིའི”སྟེགས་བུ་བརྒྱུད་འདམ་གཞུང་རྫོང་གིས་མངོན་མིན་རིག་གནས་ཤུལ་བཞག་གསར་གཏོད་ཐོན་རྫས་དང་ཕྱུགས་ཟོག་ཐོན་རྫས་གསར་སྤེལ་གཏིང་ཟབ་བྱས་ཏེ། རྟ་རྒྱུག་འགྲན་བསྡུར་འདི་ཉིད་རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་མུ་མཐུད་སྐུལ་འདེད་བཏང་སྟེ། འབྲོག་པའི་ཡོང་འབབ་འཕར་རྒྱུར་སྐུལ་ཁྲིད་བྱས་ནས། འབྲོག་པར་རྟ་ཉོ་ཚོང་དང་ཁང་པ་དང་རྩྭ་ར་བོགས་གཏོང་གི་སྟེགས་བུ་མཁོ་འདོན་བྱས་ཏེ། གྲོང་གསེབ་དར་རྒྱས་ཡོང་བར་རོགས་རམ་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད། 

     “མི་རིགས་རིག་གནས་རྒྱུན་འཛིན་གསར་གཏོད་ཐད་ཐེངས་འདིའི་འགྲན་བསྡུར་དེ་རྒྱལ་ཁབ་རིམ་པའི་མངོན་མེད་རིག་གནས་ཤུལ་བཞག‘འདམ་སྤྱི་རིམ’རྟ་རྒྱུག་འགྲན་ཚོགས་གཞིར་བཟུང་བའི་རྒྱུག་རྟ་དང་གསེབ། གོམ་རྟ། ས་གནས་ཀྱི་རྟའི་འགྲན་བསྡུར་སོགས་ཁྱད་ཆོས་ལྡན་པའི་རྣམ་གྲངས་བརྒྱུད་བོད་མི་རིགས་ཀྱི་རྟ་རྩལ་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་ཡོད”ཅེས་བདེ་སྐྱིད་པད་སྒྲོན་གྱིས་བརྗོད་པ་དང་། ཐེངས་འདིའི་བྱེད་སྒོ་དེ“བྱེད་སྒོ་གཉེར་མཁན་ཕྱོགས་ཀྱིས་གྲབས་གསོག་དང་། མིང་ཐོ་འགོད་གྲོན། སྤྱི་ཚོགས་ཀྱི་རོགས་སྐྱོར་བཅས་ཀྱི”མ་དངུལ་བྱེད་སྟངས་སྤྱད་པས། བོད་ལྗོངས་ཕྱི་ནང་གི་དམངས་ཁྲོད་རྟ་དང་རྟ་པ་འབོར་ཆེན་ཞུགས་ཡོད་པས་རྟ་རྒྱུག་འགྲན་བསྡུར་རིག་གནས་ཀྱི་སྤྱི་ཚོགས་ཀྱི་ཤུགས་རྐྱེན་སྔར་བས་ཆེ་རུ་བྱིན་ཡོད། 

 

 རྩོམ་སྒྲིག་པ། མང་ག་མཚོ།