གསེར་ཁོག་དགོན་པར་བགྲོ་གླེང་ཚོགས་འདུ་གལ་ཆེན་ཞིག་འཚོགས་འདུག
སྤེལ་དུས 2025-06-20
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ།
ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ6པའི་ཚེས12དང13ཉིན། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པ་སློབ་གླིང་དང་མཚོ་སྔོན་ཞིང་ཆེན་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་གཉེར་བྱས་ཤིང་། གསེར་ཁོག་དགོན་དམངས་གཙོ་དོ་དམ་ཨུ་ལྷན་དང་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་སྟོང་ཉེའི་རིག་ཚན་ཞིབ་འཇུག་ཆེད་དམིགས《བཟོ་རིག་པའི་ཕྱོགས་བསྡུས》རྣམ་གྲངས་ཚོགས་ཆུང་གིས་སྒྲུབ་འགན་འཁུར་བའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་གསེར་ཁོག་དགོན་གྱི་ལོ་རྒྱུས་རིག་གནས་དང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ལག་ལེན་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་གསེར་ཁོག་དགོན་དུ་འཚོགས་པ་རེད།
ཚོགས་ཞུགས་ཆེད་མཁས་པ་དང་མཁས་དབང་ཚོས་གསེར་ཁོག་དགོན་དུ་དྲན་རྟེན་པར་རྒྱག་བཞིན་པ།
མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་དང་གསེར་ཁོག་དགོན་སྨིན་གྲོལ་སྤྲུལ་སྐུས་དགའ་བསུ་ཞུ་བའི་ཤིས་ཚིག་སྒྲོན་པ་དང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མི་སྒེར་དང་མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཨ་ལགས་རྒྱ་ཏིག་ཚང་དང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ཨུ་དང་ཟི་ལིང་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཧྲི་ཞུས་ཝེ་ཡིས་ཤིས་ཚིག་གསུངས།
སྨིན་གྲོལ་སྤྲུལ་སྐུས་གསུངས་རྒྱུར། དགོན་པ་ཕྱག་བཏབ་ནས་ལོ376སོང་བའི་རིང་ལ། གསེར་ཁོག་དགོན་པས་རང་རྒྱལ་གྱི་མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་དང་མིག་སྔའི་གནས་ཚུལ་བདེན་དཔང་བྱས་ཡོད་ལ། ཀྲུང་ཧྭ་མི་རིགས་ནི་གནའ་སྔ་མོ་ནས་བཟུང་སྐྱིད་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་ཁུར། མཉམ་ཤི་མཉམ་གསོན། ལས་དབང་གཅིག་མཐུན་བཅས་ཀྱི་ཐུན་མོང་ཚོགས་པ་ཞིག་ཡིན་པ་མཚོན་ཡོད། ཨ་ལགས་རྒྱ་ཏིག་ཚང་གིས་ཤིས་ཚིག་སྒྲོན་སྐབས། བོད་བརྒྱུད་ནང་བསྟན་ནི་ཀྲུང་ཧྭའི་ཤེས་རིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་ལྡན་ཡོད་པ་དང་། ལོ་རྒྱུས་ཐོག་རྗེ་ཤེས་རབ་རྒྱ་མཚོ་དང་། བླ་མ་ཞབས་དྲུང་དཀར་པོ། ཨ་ལགས་ཤར་ཚང་སོགས་བོད་བརྒྱུད་ནང་བསྟན་གྱི་བླ་མ་སྐྱེས་ཆེན་དག་མེས་རྒྱལ་ཀྱི་ས་ཆ་ཁག་ཏུ་བསྐྱོད་དེ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད། མི་རིགས་ཁག་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ཟབ་ཏུ་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། དེང་གི་དུས་སུའང་། བོད་བརྒྱུད་ནང་བསྟན་པའི་སྡེ་ཡི་དགེ་འདུན་པ་ཚོས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དེ་རྒྱུན་བསྐྱངས་ནས། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཡོད་ཅེས་གསུངས།

བགྲོ་གླེང་ཚོགས་འདུའི་ཡུལ་དངོས།
བགྲོ་གླེང་ཚོགས་འདུའི་ཐོག་ཏུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་དེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དང་། གསེར་ཁོག་དགོན་པའི་ལོ་རྒྱུས་ཞིབ་འཇུག སྨིན་གྲོལ་ཚང་སོགས་པེ་ཅིང་དུ་བཅའ་སྡོད་ཆིང་རྒྱལ་རབས་ཀྱི་ཧོ་ཐོག་ཐུ་ཞིབ་འཇུག་དང་། 《འཛམ་གླིང་རྒྱས་བཤད》ཞིབ་འཇུག 《མན་ངག་རིན་ཆེན་འབྱུང་གནས》དང་བོད་སོག་གསོ་བ་རིག་པའི་སྤེལ་རེས་ཞིབ་འཇུག ཚད་མ་དང་བསྡུས་གྲྭ་ཀྲུང་གོ་ཅན་ཞིབ་འཇུག་བཅས་བརྗོད་བྱ་དྲུག་ལ་དམིགས་ནས་བརྒྱུད་རིམ་ལྡན་པའི་ངང་བགྲོ་གླེང་བྱས་ཡོད་པ་དང་། ཀྲུང་གོའི་ཚན་རིག་ཁང་དང་། པེ་ཅིང་སློབ་ཆེན། ཀྲུང་གོའི་ཚན་རིག་ཁང་སློབ་ཆེན། ལན་ཀྲོའུ་སློབ་ཆེན། བོད་ལྗོངས་སློབ་ཆེན། ནང་སོག་གསོ་རིག་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ལྷན་ཏང་གི་སློབ་གྲྭ་སོགས་མཐོ་རིམ་སློབ་གྲྭ་དང་ཚན་ཞིབ་ཁང་བཅུ་ལྷག་གི་དངོས་ཚན་དང་། བཟོ་ལས་ཚན་ཁག མི་ཆོས་སྤྱི་ཚོགས་ཚན་རིག་ཁྱབ་ཁོངས་བཅས་ཀྱི་ཆེད་མཁས་པ་དང་མཁས་དབང་སུམ་ཅུ་ལྷག་གིས་བགྲོ་གླེང་ཚོགས་འདུའི་བརྗོད་བྱར་དམིགས་ནས་བསམ་བློ་བརྗེ་རེས་གང་མང་བྱས་ཡོད།