ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

“གངས་ཅན་རིག་མཛོད”ཀྱི་དཔེ་ཚོགས་ལྷ་ས་ནས་འགྲེམས་སྤེལ་བྱས་འདུག

སྤེལ་དུས 2025-06-20 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
  ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉིན་ཤས་གོང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི《“གངས་ཅན་རིག་མཛོད”དཔེ་ཚོགས་པོད་བརྒྱ་ཕྱོགས་བསྒྲིགས》(དེབ་དང་པོ་ནས་སོ་གསུམ་བར)ཀྱི་དཔེ་ཕུད་འགྲེམས་སྤེལ་མཛད་སྒོ་བོད་ལྗོངས་ལྷ་སར་འཚོགས་ཤིང་། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ60འཁོར་བར་ཕྱག་རྟགས་སུ་ཕུལ་བའི་བརྩམས་ཆོས་ཤིག་ཡིན་པའི་ངོས་ནས། ཕྱོགས་བསྡུས་བྱས་པའི་ཚད་ལྡན་ཡིག་ཆའི་དཔེ་ཚོགས་དེས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསར་གཏོད་འཕེལ་རྒྱས་མངོན་ཡོད་ལ། བོད་རིག་པའི་ཞིབ་འཇུག་ཐད་དུ་ཕུན་སུམ་ཚོགས་ཤིང་ཡང་དག་པའི་དཔྱད་གཞིའི་རྒྱུ་ཆ་ཡང་མཁོ་འདོན་བྱས་ཡོད་པས། དེ་ནི་དུས་རབས་གསར་པའི་བོད་ལྗོངས་ཀྱི་རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་བྱུང་བའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་རེད། 
《“གངས་ཅན་རིག་མཛོད”དཔེ་ཚོགས་པོད་བརྒྱ་ཕྱོགས་བསྒྲིགས》(དེབ་དང་པོ་ནས་སོ་གསུམ་བར)
  1951ལོར་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ཚུན་དང་། ལྷག་པར་དུ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ཚུན། ཏང་དང་རྒྱལ་ཁབ་ཀྱིས་བོད་ལྗོངས་ཀྱི་མི་རིགས་ཁག་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། བོད་ཡིག་དཔེ་རྙིང་མྱུར་སྐྱོབ་སྲུང་སྐྱོང་ལས་དོན་ཐད་དུ་སྔར་བྱུང་མྱོང་མེད་པའི་དར་རྒྱས་གོང་འཕེལ་བཏང་ཡོད། 
  རྒྱལ་ཡོངས་ཀྱི་བོད་ཡིག་དཔེ་རྙིང་གི་ཆེད་ལས་དཔེ་སྐྲུན་ཁང་འབའ་ཞིག་ཡིན་པའི་ངོས་ནས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་དེ1986ལོར་འཛུགས་རྒྱུའི་གྲ་སྒྲིག་བྱས་ཚུན། བོད་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་མྱུར་སྐྱོབ་དང་། སྲུང་སྐྱོབ། རྒྱུན་འཛིན་བཅས་བྱ་རྒྱུ་འགན་འཁྲི་ཞིག་ཏུ་བརྩིས་ནས། གཙོ་བོ་བོད་ཡིག་གི་བསྟན་བཅོས་དང་། གནའ་བོའི་ཁྲམ་ཤིང་དང་། རྡོ་རིང་གི་ཡི་གེ་བཅས་དང་། དེ་བཞིན་བོད་ཀྱི་ལོ་རྒྱུས་དང་། རིག་གནས། སྒྱུ་རྩལ། དམངས་སྲོལ་གོམས་གཤིས། རང་བྱུང་ཡུལ་ལྗོངས། དེ་བཞིན་སྤྱི་ཚོགས་འཚོ་བ་མཚོན་པའི་དཔེ་དེབ་འཚོལ་བསྡུ་དང་། ལེགས་སྒྲིག པར་སྐྲུན་བཅས་བྱས་ཡོད། 
  བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི་དེ་སྔའི་ཧྲེ་ཀྲང་བསོད་ནམས་ཚེ་བརྟན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། བོད་ཡིག་དཔེ་རྙིང་གླེགས་བམ་མང་ལ་ནང་དོན་རྒྱ་ཆེ་ཞིང་གཏིང་ཟབ་པས། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་བང་མཛོད་ནང་གི་བཀྲག་མདངས་འཚེར་བའི་མུ་ཏིག་ཞིག་ཡིན་ཞིང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་འཛུགས་རྒྱུའི་གྲ་སྒྲིག་བྱས་པ་ནས2024ལོའི་ལོ་མཇུག་བར། ཁྱོན་དཔེ་དེབ་རིགས2016དང་དེབ་ཁྲི1ལྷག་ཙམ་དཔེ་སྐྲུན་བྱས་ཡོད།
  “‘གངས་ཅན་རིག་མཛོད’ དཔེ་ཚོགས་ཕྱོགས་བསྒྲིགས”ནི་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་ནུས་ཤུགས་ཡོད་རྒུས་བཏོད་པའི་སྤུས་རྟགས་དཔེ་དེབ་ཞིག་རེད”ཅེས་བསོད་ནམས་ཚེ་བརྟན་གྱིས་བཤད་པ་དང་། ཁོང་གིས། ལོ་ངོ40ཙམ་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས《རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ 》དང《ས་པན་གྱི་གསུང་རྩོམ་ཕྱོགས་བསྡུས》《བསམ་ཡས་དཀར་ཆག》《བོད་ལྗོངས་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ》《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་སྒྲིག》སོགས“གངས་ཅན་རིག་མཛོད”ཀྱི་དཔེ་ཚོགས་དེབ100མྱུར་སྐྱོབ་དང་། འཚོལ་བསྡུ། ལེགས་སྒྲིག དཔེ་སྐྲུན་བཅས་བྱས་ཡོད། 
 
《“གངས་ཅན་རིག་མཛོད”དཔེ་ཚོགས་པོད་བརྒྱ་ཕྱོགས་བསྒྲིགས》(དེབ་དང་པོ་ནས་དགུ་བཅུ་བར)
  “གངས་ཅན་རིག་མཛོད”དཔེ་ཚོགས་ཕྱོགས་བསྒྲིགས་ཀྱི་མ་དཔེ་མང་ཆེ་བ་ནི་དགོན་པ་དང་། ཡིག་ཚགས་ཁང་། དཔེ་མཛོད་ཁང་། དམངས་ཁྲོད་ཀྱི་དཔེ་རྒྱུན་དཀོན་རིགས། ལག་བྲིས་དེབ། ཤིང་བརྐོས་དེབ་རྩ་ཆེན་སོགས་རེད། དཔེ་ཚོགས་ནང་གི་ནང་དོན་མང་ཆེ་བ་ཡོངས་བསྒྲགས་དཔེ་སྐྲུན་བྱེད་ཐེངས་དང་པོ་ཡིན་ཞིང་། དེའི་ནང་དོན་གྱི་ནང་དུ་དུས་རབས་རིམ་བྱུང་གི་ཡིག་ཚགས་རྩ་ཆེན་དང་། བོད་བརྒྱུད་ནང་བསྟན་དགོན་པའི་ནང་བསྟན་ཆོས་ལུགས་ཀྱི་གསུང་རབ། བླ་མ་སྐྱེས་ཆེན་དམ་པ་དང་རིག་གཞུང་མཁས་དབང་གི་རྒྱུན་གནས་བརྩམས་འབྲས། བཟོ་རྩལ་མཛེས་རྩལ་གྱི་གསུང་རབ། དམངས་ཁྲོད་ཀྱི་རྒྱུད་རབས་ལོ་རྒྱུས་དེབ་ཐེར་བཅས་དང་། དེ་བཞིན་ལོ་ངོ་སྟོང་རིང་ངག་རྒྱུན་དུ་འཇགས་པའི་ཚད་ལྡན་ཡིག་ཆ་སོགས་བོད་ཡིག་གི་དཔྱད་གཞི་རྩ་ཆེན་ཚུད་ཡོད། 
  དཔེ་ཚོགས་དེ་བཏོན་པ་ནས་བཟུང་། རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་ལས་རིགས་དང་རྒྱ་ཆེའི་ཀློག་པ་པོའི་ཁྲོད་དུ་སྐད་གྲགས་ཆེན་པོ་ཆོད་ནས། བོད་རིག་པ་ཞིབ་འཇུག་ཁྱབ་ཁོངས་ཀྱི་དཔྱད་གཞིའི་ཚད་ལྡན་ཡིག་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་པས། ལོ་རྒྱུས་ཞིབ་འཇུག་གི་རིན་ཐང་དང་རིག་གནས་རྒྱུན་འཛིན་གྱི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད་ཅིང་། དེ་ནི་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་མཚོན་རྟགས་རང་བཞིན་གྱི་དཔེ་སྐྲུན་སྤུས་རྟགས་ཤིག་རེད།
  2024ལོར་མི་རིགས་ཡི་གེ་དཔེ་སྐྲུན་གྱི་ཆེད་སྤྱོད་མ་དངུལ་གྱི་རྒྱབ་སྐྱོར་འོག བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས“གངས་ཅན་རིག་མཛོད”དཔེ་ཚོགས་ལ་ཕྱོགས་ཡོངས་ནས་བཟོ་བཅོས་དང་ཞིབ་ཕྲའི་བསྡུར་ཞུས་བྱས་ཏེ《“གངས་ཅན་རིག་མཛོད”དཔེ་ཚོགས་པོད་བརྒྱ་ཕྱོགས་བསྒྲིགས》(དེབ་དང་པོ་ནས་སོ་གསུམ་བར)བཏོན་པ་དེས་ཏང་དང་རྒྱལ་ཁབ་ཀྱིས་མི་རིགས་ཁག་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་གང་ལེགས་མཚོན་ཡོད། 
  བསོད་ནམས་ཚེ་བརྟན་གྱིས། དཔེ་ཚོགས་དཔེ་སྐྲུན་བྱས་པ་དེས་བསྟན་བཅོས་ཀྱི་ནང་དོན་ལས་ལོ་རྒྱུས་ཀྱི་བདེན་དོན་ར་སྤྲོད་བྱས་ཡོད། པོད་བརྒྱའི་བསྟན་བཅོས་ནང་དུ་བོད་ལྗོངས་ས་གནས་ཀྱི་ལོ་རྒྱུས་དེབ་ཐེར་རིགས་ཀྱི་དེབ32ཡོད་པ་དང་། ཐོག་མའི་ཚད་ལྡན་ཡིག་ཆ་འབོར་ཆེན་གྱིས་དོན་དངོས་ཀྱི་ལོ་རྒྱུས་ལ་བརྟེན་ཏེ། བོད་ལྗོངས་ནི་གནའ་སྔ་མོ་ནས་བཟུང་མེས་རྒྱལ་དང་ཤ་རུས་གཅིག་འདྲེས་ཡིན་པའི་དོན་དངོས་མ་ལག་ལྡན་པའི་ངང་ནས་ར་སྤྲོད་བྱས་ཡོད། དེས་བོད་ལྗོངས་ཀྱི་མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ལ་ཞིབ་འཇུག་བྱེད་པར་ཞིབ་ཕྲ་དང་བློས་འགེལ་ཆོག་པའི་ལོ་རྒྱུས་ཀྱི་དཔྱད་གཞིའི་འདེགས་སྐྱོར་མཁོ་འདོན་བྱས་ཡོད་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བར་དོན་དངོས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད། 
  “དཔེ་ཚོགས་འདི་དཔེ་སྐྲུན་བྱས་པ་དེས་ཏང་དང་རྒྱལ་ཁབ་ཀྱིས་བོད་ལྗོངས་ཀྱི་རིག་གནས་བྱ་གཞག་ལ་དམིགས་བསལ་གྱི་ཐུགས་ཁུར་བྱེད་པ་གང་ལེགས་མཚོན་པ་དང་། དུས་རབས་གསར་པའི་ནང་དུ་བོད་ཀྱི་རིག་གནས་ཀྱིས་སྐྱེ་སྟོབས་དང་གསོན་ཤུགས་ཀྱི་དཔལ་འབར་ཞིང་། གསོན་ཉམས་ལྡན་པའི་དཔེ་སྐྲུན་བརྩམས་ཆོས་དང་སྲུང་སྐྱོང་གི་དོན་དངོས་ཐོག་ནས་བོད་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་སྔར་བྱུང་མྱོང་མེད་པའི་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་ཐོབ་པ་ར་སྤྲོད་བྱས་ཡོད”ཅེས་བསོད་ནམས་ཚེ་བརྟན་གྱིས་བཤད་པ་དང་། ཁོང་གིས། སྙིང་བཅུད་གཅིག་ཏུ་འདུས་པའི་ཡིག་ཚངས་འདིས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ལ་ཐོག་མའི་དཔྱད་ཡིག་རྩ་ཆེན་མཁོ་འདོན་བྱས་ཡོད་པས། དེས་བོད་རིག་པའི་ཞིབ་འཇུག་རིག་གཞུང་གི་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་ཐུབ་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་བོད་རིག་པའི་རིག་ཚན་མ་ལག་འཛུགས་རྒྱུར་ཡང་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད།