ཟླ་7ཚེས་11དང་12ཉིན། ཧྲང་ཧའེ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པ་བོད་ལྗོངས་སུ་རྟོག་ཞིབ་གནང་བར་ཕེབས་པ་དང་། ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཅི་ཉིང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཞུགས་ཤིང་། འདི་ནི་ཁྲེན་ཅི་ཉིང་དང་ཝང་ཅུན་ཀྲེང་གིས་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་དུ་ཕེབས་ནས་ལས་དོན་མི་སྣའི་ངོ་སྤྲོད་གསན་བཞིན་པ།
ཟླ་7ཚེས་11དང་12ཉིན། ཧྲང་ཧའེ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པ་བོད་ལྗོངས་སུ་རྟོག་ཞིབ་གནང་བར་ཕེབས་པ་དང་། ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཅི་ཉིང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཞུགས་ཤིང་། འདི་ནི་ཁྲེན་ཅི་ཉིང་དང་ཝང་ཅུན་ཀྲེང་གིས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གྲམ་མཚོ་ཤང་ཟིང་དཀར་གྲོང་ཚོར་ཕེབས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལ་འཚམས་འདྲི་གནང་བ་དང་འབྲེལ་བསྐྱར་སྐྲུན་རྣམ་གྲངས་ལ་ལྟ་ཞིབ་གནང་བཞིན་པ།
ཟླ་7ཚེས་11དང་12ཉིན། ཧྲང་ཧའེ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པ་བོད་ལྗོངས་སུ་རྟོག་ཞིབ་གནང་བར་ཕེབས་པ་དང་། བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལག་གདང་སྦྲེལ་ནས་ཧྲང་ཧའེ་དང་བོད་ལྗོངས་དབར་གྱི་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་བའི་ལེའུ་གསར་པ་བརྩམས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད།
ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཅི་ཉིང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཞུགས་ཡོད།
འདི་ལོའི་ཟླ་1ཚེས་7ཉིན་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་ནས་ཁང་པ་མང་པོ་བརྡིབས་པའམ་གཏོར་སྐྱོན་ཕོག་ནས་མང་ཚོགས་ཀྱི་འཚོ་བར་ཚད་གཞི་མི་འདྲ་བའི་ཤུགས་རྐྱེན་ཕོག་ཡོད།
བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་གཅིག་གྱུར་བཀོད་སྒྲིག་འོག ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་སྟོབས་ཤུགས་ཀྱིས་ནུས་ཤུགས་ཡོད་རྒུས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་ལ་རམ་འདེགས་བྱས་ཡོད། མིག་སྔར་བསྐྱར་སྐྲུན་ཁང་པ་གསར་པ་ཁག་གཅིག་གི་ལས་ཁྲི་བཤིག་ནས་ཐོག་བཀབ་ཡོད། འཐུས་མི་ཚོགས་པ་དིང་རི་རྫོང་གྲམ་མཚོ་ཤང་ཟིང་དཀར་གྲོང་ཚོའི་གྲོང་མིའི་གནས་སྐབས་གཅིག་སྡུད་སྡོད་གནས་སུ་ཕེབས་ཏེ། འཚོ་བའི་སྒྲིག་ཆས་དང་སྡོད་གནས་ཁོར་ཡུག་ལ་ལྟ་ཞིབ་གནང་བ་དང་འབྲེལ་སྒྲོལ་དཀར་དང་ཟླ་བ་གཡུ་སྒྲོན་གྱི་ནང་མི་དང་མཉམ་དུ་ཅི་འཕྲོས་མོལ་འཕྲོས་ཤོད་ཀྱིན་གནོད་འཚེ་ཕོག་པའི་གནས་ཚུལ་སྐོར་ཐུགས་ཁུར་ཆེན་པོས་བཀའ་འདྲི་གནང་བ་དང་། ཐོན་སྐྱེད་དང་འཚོ་བ་དང་ཐག་གཅོད་བྱེད་དགོས་པའི་དཀའ་ངལ་དངོས་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཟླ་བ་གཡུ་སྒྲོན་གྱིས་ས་ཡོམ་བརྒྱབ་ནས་ཁང་པ་བརྡིབས་སོང་། གུང་ཁྲན་ཏང་གིས་ང་ཚོའི་སྣེ་ཁྲིད་ནས་ཁང་པ་གསར་པ་བརྒྱབ་བྱུང་། ཁྱིམ་གསར་པའི་ནང་གང་མགྱོགས་སྤོ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་ཧྲང་ཧའེ་དང་བོད་ལྗོངས་ས་གནས་གཉིས་ཀྱི་འགོ་ཁྲིད་ལ་བཤད། གེགས་རྗེས་ཀྱི་སྡོད་ཁང་གསར་པ་བསྐྱར་སྐྲུན་བྱེད་སར་རྟོག་ཞིབ་གནང་སྐབས། འཐུས་མི་ཚོགས་པས་ཧྲང་ཧའེ་ཡིས་དིང་རི་རྫོང་གི་ཡོམ་འགོག་གེགས་སེལ་དང་གེགས་རྗེས་བསྐྱར་སྐྲུན་ལ་རམ་འདེགས་བྱེད་པ་སོགས་ཀྱི་གནས་ཚུལ་སྐོར་ངོ་སྤྲོད་ནན་ཏན་གསན་པ་དང་། ཨར་ལས་ཀྱི་ཞིབ་ཕྲའི་གནས་ཚུལ་ལ་ལྟ་ཞིབ་ཞིབ་ཕྲ་གནང་བ། ཞབས་ཞུའི་སྒྲིག་བཀོད་ཀྱི་ལེ་ལག་ཚང་བའི་འཛུགས་སྐྲུན་གནས་ཚུལ་མཁྱེན་རྟོགས་གནང་བ། ཡུལ་མིའི་འཐུས་མི་དང་འཆར་འགོད་འཛུགས་སྐྲུན་འཐུས་མིར་འཚམས་འདྲི་གནང་བ་རེད། ས་གནས་གཉིས་ཀྱི་བློ་མཐུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། གནས་འཕྲོད་བདེ་སྡོད་ལ་དམིགས་པ་དང་། ཚན་རིག་དང་མཐུན་པའི་ཨར་སྐྲུན་མཐའ་འཁྱོངས་བྱེད་པ། གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་བཅས་བྱས་ནས། གནོད་འཚེ་ཕོག་པའི་མང་ཚོགས་ལ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་དང་བདེ་སྐྱིད་ལྡན་པའི་འཚོ་བ་མཉམ་དུ་གཏོད་དགོས། མི་སེམས་གཅིག་སྒྲིལ་ལས་གྲྭ་དང་། མི་རིགས་མཐུན་སྒྲིལ་ལས་གྲྭ སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་གྲྭ་བཅས་ཧུར་ཐག་བསྐྲུན་ཏེ། མི་རིགས་ཁག་གི་མང་ཚོགས་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་དམངས་ལ་ཐུགས་ཁུར་དང་གཟིགས་སྐྱོང་གནང་བ་སྔར་བས་གཏིང་ཟབ་ཚོར་བ་དང་། མི་རིགས་ཁག་གི་མང་ཚོགས་ཚོས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་སྔར་བས་གཏིང་ཟབ་ཚོར་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་རང་རྟོགས་ངང་ཟབ་ཏུ་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
ས་སྐྱ་རྫོང་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་དུ་ཕེབས་སྐབས། འགྱིག་ཤོག་དྲོད་ཁང་ནང་ལོ་ཏོག་གི་སྐྱེ་འཚར་ཡག་པོ་ཡོད་པས་སྐྱེ་སྟོབས་ཀྱིས་ཁེངས་ཡོད། ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐུལ་འདེད་ཤུགས་ཆེན་འོག ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་སྟོབས་ཤུགས་ཀྱིས་རང་འགུལ་ངང་བྱ་སྤྱོད་སྤེལ་ནས། ས་གནས་དེ་གའི་ས་མཐོའི་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུར་རོགས་རམ་བྱས་ཏེ་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་ཡོད། འཐུས་མི་ཚོགས་པ་ཐོན་ལས་གླིང་དུ་ཕེབས་ཏེ་ས་མཐོའི་ལི་གྲོའི་སོན་ཁུངས་ཚན་རྩལ་དང་ཐོན་ལས་འཕེལ་རྒྱས་དང་། ཁ་ཆེ་ཤ་སྐམ་འདེབས་འཛུགས་ལག་རྩལ་གསར་གཏོད། ཐོན་ལས་རོགས་སྐྱོར་བཅས་ཀྱི་གནས་ཚུལ་སྐོར་གྱི་ངོ་སྤྲོད་གསན་པ་དང་། འབྲེལ་ཡོད་ཐོན་རྫས་འགྲེམས་སྟོན་ལ་ལྟ་ཞིབ་གནང་བ། གླིང་ཁུལ་དང་ཁེ་ལས་ཀྱི་འགན་འཁུར་བ་དང་ཚན་རིག་ཞིབ་འཇུག་ཚོགས་པ་བཅས་དང་སྤེལ་རེས་གཏིང་ཟབ་གནང་སྟེ། མཐོ་གྲང་ས་ཁུལ་གྱི་དེང་རབས་ཞིང་ལས་ཀྱི་ཐོན་ལས་ཀྱི་འཁོར་འབྲེལ་ཧྲིལ་པོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་ཐད་གྲོས་བསྡུར་གནང་བ་རེད། ས་གནས་གཉིས་པོའི་བློ་མཐུན་གྱིས། ཕྱོགས་གཉིས་ཀྱི་ལེགས་ཆར་གཞི་ཚུགས་ནས་ཧྲང་ཧའེ་ཡི་མ་དངུལ་དང་། དོ་དམ། ཚན་རྩལ། ཤེས་ལྡན་པ་སོགས་ཀྱི་ལེགས་ཆ་དང་བོད་ཀྱི་ཐོན་ཁུངས་དང་གནས་ཡུལ་སོགས་ཀྱི་ལེགས་ཆ་ཟུང་འབྲེལ་བྱས་ཏེ། ཁྱད་ལྡན་ཐོན་ལས་སྔར་བས་སྟོབས་ཆེར་གཏོང་བ་དང་ས་མཐོའི་སྤུས་རྟགས་བཏོད་ཐོག བྲིན་ཚོང་ལྟར་ཐོན་ཚད་གཏན་ལ་འབེབས་པ་དང་ཐོན་རྫས་ཁྱབ་སྤེལ་སོགས་ཐད་མཉམ་ལས་གཏིང་ཟབ་བྱས་ནས། བོད་ཀྱི་སྤུས་ལེགས་ཐོན་ཁུངས་ཐོན་རྫས་ཡག་པོར་འགྱུར་བ་དང་། ཁྲོམ་ར་ཆེ་མོར་བསྐྱོད་པ། ཕྱིར་ཚོང་གོང་ཚད་ཡག་པོ་རག་པ་བཅས་བྱ་རྒྱུར་སྐུལ་འདེད་བཏང་སྟེ་མང་ཚོགས་ལས་ཞུགས་དང་འབབ་འཕར་ཡོང་བར་སྐུལ་ཁྲིད་ནུས་ལྡན་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་དངུལ་ཁུག་ལྗིད་ཏིག་ཏིག་ཏུ་གྱུར་པ་དང་འཚོ་བ་དེ་བས་སྐྱིད་པོ་ཡོང་བར་བྱེད་དགོས་ཞེས་གསུངས་པ་རེད།
ལྷ་རྩེ་རྫོང་ལྟེ་བའི་སྨན་ཁང་དང་ལྷ་རྩེ་རྫོང་སློབ་འབྲིང་དུ་ཕེབས་སྐབས། སྨན་ཁང་དང་སློབ་ཁུལ་གྱི་རྣམ་པ་གསར་རྐྱང་དུ་གྱུར་པ་དང་སྒྲིག་ཆས་སྣ་ཚོགས་གསར་པ་བརྗེས་པ་དང་རིམ་སྤོར་བྱས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སློབ་གསོ་དང་སྨན་བཅོས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གྱིས“དམིགས་ས་ལྔའི”ལས་ཀའི་བླང་བྱ་བཏོན་པ་དང“འགན་ལེན་གསུམ”གྱི་སྲིད་ཇུས་དོན་འཁྱོལ་ནན་པོ་བྱས་ཐོག ཧྲང་ཧའེ་གྲོང་ཁྱེར་གྱི་བོད་སྐྱོར་སྟོབས་ཤུགས་ཀྱིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་མ་དངུལ་བཏང་བ་དང་ཚོགས་པ་མངགས་གཏོང་དང་ཆབས་ཅིག རྒྱང་བསྟེན་སྨན་བཅོས་དང་། རྒྱང་ཁྲིད་སློབ་ཁྲིད། ཤེས་ལྡན་པ་གསོ་སྦྱོང་སོགས་ཀྱི་ལས་དོན་ཧུར་ཐག་སྤེལ་ནས་ས་གནས་དེ་གའི་སློབ་གསོ་དང་སྨན་བཅོས་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུར་རོགས་རམ་བྱས་ཡོད། ལྷ་རྩེ་རྫོང་ལྟེ་བའི་སྨན་ཁང་དང་ལྷ་རྩེ་རྫོང་སློབ་འབྲིང་དུ་འཐུས་མི་ཚོགས་པས་སློབ་གསོ་དང་སྨན་བཅོས་ཀྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། ས་གནས་གཉིས་ཀྱི་སྨན་པ་དང་དགེ་སློབ་ཀྱི་འཐུས་མི་དང་སྤེལ་རེས་གནང་བ་རེད། རྟོག་ཞིབ་གནང་རིང་ས་གནས་གཉིས་ཀྱི་བློ་མཐུན་གྱིས། ཉམས་མྱོང་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྨན་བཅོས་འཕྲོད་བསྟེན་དང་སློབ་གསོའི་ཤེས་ལྡན་པའི“བརྒྱུད་རོགས་ཁྲིད་གསུམ”གྱི་ལས་དོན་ལ་མུ་མཐུད་དམ་འཛིན་བྱེད་པ། སློབ་མའི་སྤེལ་རེས་བྱེད་སྒོ་ཧུར་ཐག་སྤེལ་བ། སློབ་མའི་མཐོང་རྒྱ་ཆེ་རུ་གཏོང་བ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། ནམ་ཡང་གནས་ཐུབ་པའི་སློབ་གསོ་དང་སྨན་བཅོས་ཀྱི་ཤེས་ལྡན་པའི་དཔུང་ཁག་བཏོད་པ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་དེ་བས་ལེགས་པ་སྐྲུན་དགོས་ཞེས་གསུངས་པ་རེད།