དབྱར་ཁ་ཟིན་དུས། མི་མང་པོ་ཞིག་གིས་འཁྱག་སྒམ་ནང་འཐུང་བྱ་གྲང་མོ་དང་། རང་བཟོས་འཐུང་བྱ་སོགས་ཉར་གསོག་བྱ་རྒྱུར་དགའ་པོ་བྱེད་ཀྱི་ཡོད། འོན་ཀྱང་། ཅ་དངོས་རང་ག་བ་དེ་དག་གིས་འཁྱག་སྒམ་འབར་གས་བྱེད་པའི་དོན་རྐྱེན་སློང་སྲིད། གཤམ་ལ་ང་ཚོ་མཉམ་དུ་དེའི་ཐད་རྒྱུས་ལོན་ཞིག་བྱེད།
གཅིག ཤིང་ཏོག་པའེ་ཞང་གི་ཁུ་བ(百香果果汁)དང་། ཤིང་ཏོག་ཡང་མའེ་ཡི་ཁུ་བ།(杨梅汁) ཤིང་ཏོག་ཡང་ཀྲེའི་བདུད་རྩི(杨枝甘露)བཅས་གྲང་ཉར་དུས་ཚོད་རིང་དྲགས་ན་འབར་གས་བྱེད་སླ།
ཤིང་ཏོག་པའེ་ཞང་གི་ཁུ་བ་དང་ཡང་མའེ་ཡི་ཁུ་བ། ཡང་ཀྲེའི་བདུད་རྩི་བཅས་ཀྱི་ནང་དུ་འཚོ་བཅུད་དངོས་པོ་ཕུན་སུམ་ཚོགས་པོ་ལྡན་པས། སྐྱེ་དངོས་ཕྲ་རབ་སྐྱེ་འཕེལ་བྱེད་པའི་གོ་རིམ་ཁྲོད་དུ་དབྱང་གཉིས་ཐཱན་འགྱུར་གྱི་རླུང་གཟུགས་འབྱུང་སྲིད། གལ་ཏེ་དེ་དག་བླུགས་སའི་སྣོད་ཆས་ཁ་དམ་པོ་ཡིན་ན། རླུང་གཟུགས་ཕྱིར་གཏོང་བྱེད་ཐབས་བྲལ་བར་སྣོད་ཆས་ནང་དུ་རྒྱུན་ཆད་མེད་པར་འཕེལ་ཏེ་སྣོད་ཆས་ཀྱི་ཐེག་ཚད་ལས་བརྒལ་ནས་འབར་གས་བྱེད་སྲིད།
གཉིས། ཁུ་ཁོལ་ཁུ་ནག་དང་། སྦི་རག་སོགས་དབུགས་ལྡན་འཐུང་བྱ་འཁྱག་སྒམ་གྱི་གྲང་ཉར་ཁུལ་དུ་འཇོག་མི་རུང་།
ཁུ་ཁོལ་ཁུ་ནག་དང་། སྦི་རག་སོགས་འཁྱག་སྒམ་ནང་དུ་བཞག་ན་འབར་གས་བྱེད་བདེ་པོ་ཡོད། དེའི་རྒྱུ་མཚན་ནི་འཐུང་བྱ་དེ་རིགས་ཆུ་ནས་འཁྱགས་པར་གྱུར་ཏེ་བོངས་ཚད་ཆེ་རུ་འགྲོ་ཡི་ཡོད་པའི་རྐྱེན་གྱིས་རེད། ཨ་ཅང་ཅང་། རྒྱུ་མཚན་གཙོ་བོ་ནི་དབྱང་གཉིས་ཐཱན་འགྱུར་གྱི་རླུང་གཟུགས་རྒྱ་ཆེར་འཕེལ་བའི་རྐྱེན་གྱིས་རེད། གང་ལགས་ཞེ་ན། སྦི་རག་དང་། རླངས་ཆུ། སོ་ཏཱ་ཆུ་སོགས་རིགས་ཀྱི་འཐུང་བྱ་བླུགས་སྣོད་ནང་བླུགས་དུས་ཆུའི་ནང་དབྱང་གཉིས་ཐཱན་འགྱུར་འབོར་ཆེན་ཞིག་འཛུལ་གྱི་ཡོད་པ་དང་། ཆུ་འཁྱགས་པར་གྱུར་རྗེས། དབྱང་གཉིས་ཐཱན་འགྱུར་ཡང་བསྐྱར་རླུང་གཟུགས་ཀྱི་རྣམ་པའི་ཐོག་ནས་ཕྱིར་ཐོན་ཏེ་བླུགས་སྣོད་ཀྱི་ཐེག་ནུས་ལས་བརྒལ་ནས་འབར་གས་བྱེད་སྲིད། དེར་བརྟེན། འཁྱག་སྒམ་ནང་སྦི་རག་སོགས་གྲང་བཟོ་བྱེད་མི་རུང་།
གསུམ། འཁྱག་སྒམ་གྱི་གྲང་ཉར་ཁུལ་དུ་འཁྱག་སྐམ་ཡུན་རིང་ཉར་འཇོག་བྱས་ན་འབར་གས་བྱེད་སྲིད།
དབྱར་ཁ་ཚལ་དང་ཤ་རིགས། ཤིང་འབྲས་སོགས་བཟའ་བཅའ་སོས་པ་འགན་སྲུང་བྱ་ཆེད། མི་ལ་ལས་འཁྱག་སྒམ་ནང་དུ་འཁྱག་སྐམ་ཏོག་ཙམ་བཞག་ནས་ཡང་ཡང་བེད་སྤྱོད་བྱེད་ཀྱི་ཡོད། མ་གཞི་ནས་འཁྱག་སྐམ་ནི་སྲ་གཟུགས་ཀྱི་དབྱང་གཉིས་ཐཱན་འགྱུར་ཡིན་ཞིང་། -78.5℃ཡན་གྱི་ཁོར་ཡུག་ཁྲོད། ཚ་དྲོད་བསྡུ་ལེན་བྱས་ནས་རླུང་གཟུགས་སུ་འགྱུར་གྱི་ཡོད་པ་དང་། རླུང་གཟུགས་སུ་གྱུར་རྗེས་བོངས་ཚད་མགྱོགས་མྱུར་ཇེ་ཆེར་འགྲོ་གི་ཡོད། འཁྱག་སྒམ་ནི་གྲང་སྲུང་ཐུབ་ཆེད་ཁ་དམ་པོ་ཡོད་པས། གལ་ཏེ་འཁྱག་སྒམ་ནང་དུ་གསོག་འཇོག་བྱས་པའི་འཁྱག་སྐམ་ཅུང་མང་བ་དང་། དུས་ཡུན་རིང་པོར་འཁྱག་སྒམ་གྱི་སྒོ་མ་ཕྱེ་ན། འཁྱག་སྒམ་ནང་དུ་དབྱང་གཉིས་ཐཱན་འགྱུར་རླུང་གཟུགས་འབོར་ཆེན་བསགས་ནས་མཐར་འབར་གས་བྱེད་སྲིད།
བཞི། འཁྱག་སྒམ་ནང་དུ་རང་བཟོས་སུར་པན་ལྡུར་ལྡུར་དང་ཤིང་ཏོག་ཨ་རག་བཞག་ཡོད་ན། ངེས་པར་དུ་དུས་བཀག་ལྟར་རླུང་འབུད་བྱེད་དགོས།
རང་བཟོས་ཤིང་ཏོག་ཨ་རག་དང་། བསྙལ་ཚོད། སུར་པན་བསྙལ་མ་སོགས་འཁྱག་སྒམ་ནང་དུ་བཞག་ན་འབར་གས་བྱེད་སྲིད། དེའི་རྒྱུ་མཚན་ནི་གོང་སྨྲས་ཤིང་ཏོག་པའེ་ཞང་གི་ཁུ་བ་འབར་གས་བྱེད་པ་དང་གཅིག་མཚུངས་ཡིན་ཏེ། ཚང་མ་སྐྱེ་དངོས་ཕྲ་རབ་ལས་སྐྱེད་པའི་དབྱང་གཉིས་ཐཱན་འགྱུར་རླུང་གཟུགས་ལས་བྱུང་བ་ཞིག་རེད། གལ་ཏེ་ང་ཚོས་ཁྱིམ་དུ་ཆང་དང་ཚལ་སོགས་བསྙལ་དགོས་ན། དུས་བཀག་ལྟར་རླུང་འབུད་བྱེད་དགོས་པའམ་ཡང་ན་ཐད་ཀར་ཚལ་བསྙལ་ཡོ་ཆས་སྤྱད་ནས་བཟོས་ན་འགྲིག
མཇུག་ཏུ་ཚང་མར་དྲན་སྐུལ་ཞུ་རྒྱུ་ཞིག་ལ། འཁྱག་སྒམ་ནི་ཉེན་འགོག་སྒམ་མིན་པས། རླུང་གཟུགས་འབྱུང་སླ་བའི་ཟས་རིགས་ལ་དེ་བས་དོགས་ཟོན་བྱེད་དགོས། སྣོད་ཆས་སྦོས་པ་དང་། གཤེར་གཟུགས་དྲི་ངན་ཡོད་པ་ཤེས་ན། ལམ་སེང་ཐེ་ཚོམ་མེད་པར་བསྐྱུར་དགོས།