——སྨན་བཅོས་དང་སློབ་གསོའི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱི་སྐོར་བཀོད་པ།
2024ལོའི་ཟླ་6ཚེས་26ཉིན། ན་ཆུང་ཟླ་བ་སྐྱིད་ལགས་ཀྱི་གླུ་སྒྲ་ཧྲང་ཧའེ་ལུས་རྩལ་ཐང་གི་ཀྲུང་གོའི་རྐང་རྩེད་སྤོ་ལོའི་རིམ་འདས་མཉམ་འགྲན་བྱ་ཡུལ་དུ་གྲགས། དེ་སྔ་སྒལ་ཚིགས་ཚབས་ཆེན་འཁྱོག་པའི་བུ་མོ་དེ་ཧྲང་ཧའེ་ཡི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་ཚོགས་པའི་རྒྱུན་མཐུད་རོགས་རམ་འོག་གཤགས་བཅོས་ལེགས་གྲུབ་བྱུང་བ་མ་ཟད་དྲག་སྐྱེད་བྱུང་ཡོད།
སྨན་བཅོས་དང་སློབ་གསོའི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་བྱ་གཞག་ལ་དེ་དང་དེ་འདྲ་བའི་གཏམ་རྒྱུད་གྲངས་མེད་ཡོད།
2015ལོ་ནས་བཟུང་། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་སྣེ་ཁྲིད་ནས་བོད་ལ་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་བྱེད་འགོ་ཚུགས། 2019ལོར་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སློབ་གསོའི་ཤེས་ལྡན་པ་རྣམས་བོད་སྐྱོར་ལས་བྱེད་ཤེས་ལྡན་པ་འདེམས་མངགས་བྱེད་པའི་སྤྱིའི་འཆར་གཞིའི་ནང་བཅུག་པས། སྨན་བཅོས་དང་སློབ་གསོའི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གངས་ལྗོངས་ས་མཐོའི་ས་ཕྱོགས་གང་སར་སྤེལ་འགོ་ཚུགས།
དེས་ན་གངས་རི་དང་རྩྭ་ཐང་གིས་རླབས་ཆེ་བའི་བྱ་སྤྱོད་མང་དག་ཅིག་ལ་བདེན་དཔང་བྱས་པ་སྟེ། ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་17གྱིས“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་ཤེས་ལྡན་པ་1981ཁག་10ལ་བགོས་ནས་བཏང་བ་དང་། “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སློབ་གསོའི་ཤེས་ལྡན་པ་2100ལྷག་ཙམ་བཏང་སྟེ་ལེ་དབར་སྟོང་གིས་ཆོད་ཀྱང་དཀའ་ངལ་ལ་མ་འཛེམས་པར་བརྩེ་སེམས་ཟབ་མོ་བཅངས་ནས་ལས་དོན་འདི་རྒྱུན་མཐུད་བསྒྲུབས་ཡོད། ཁོང་ཚོས་སྲོག་སྐྱོབ་སྨན་བཅོས་དང་མི་སྣ་གསོ་སྐྱོང་བྱས་ཏེ“ནམ་ཡང་གནས་ཐུབ་པའི་སློབ་གསོ་དང་སྨན་བཅོས་ཀྱི་དཔུང་ཁག”ཅིག་གསོ་སྐྱོང་བྱས་པ་དང་། “སྨན་ཁང་དུ་ཚན་ཁག་འགན་གཙང་བླངས”ཏེ་ནུས་པ་ཆ་ཚང་བའི་སྨན་བཅོས་མ་ལག་བཙུགས་པ། “ཞིང་ཆེན་གྱིས་སློབ་གྲྭ་འགན་གཙང”བླངས་ཏེ་སློབ་གསོའི་ཐོན་ཁུངས་སྤུས་ལེགས་སྤྱི་འདོམས་མཉམ་སྤྱོད་བྱས་ནས་རྒྱལ་ཡོངས་ཀྱི་བློ་གྲོས་གཅིག་སྡུད་ཀྱིས་ས་མཐོའི་དགོས་མཁོ་བསྐངས་ཡོད།
“ནམ་ཡང་གནས་ཐུབ་པའི་དཔུང་ཁག”སྟོབས་ཆེ་རུ་ཕྱིན་པ།
ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་ནས་ནུབ་ངོས་སུ་བལྟས་ན། ལོ་འཁོར་མོ་ཁ་བས་བཀླུབས་པའི་དར་ཆ་ལྷ་མོ་མཐོང་ཐུབ། འདི་ནི་ལེའོ་ཉིང་ཞིང་ཆེན་གྱི་ཁག་བདུན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་ཤེས་ལྡན་པ་དང་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྙིང་ཁམས་ཁྲག་རྩའི་ཁོག་ནད་ཚན་ཁག་གི་ཀྲུའུ་རེན་དབང་ལེ་ཅི་ཡི་རྨི་ལམ་དུ་ཡང་ཡང་འཁོར་བའི་ས་ཆ་ཞིག་རེད།
ཟླ་བ་ལྔ་པའི་ཟླ་དཀྱིལ་དུ། སྨན་ཁང་གིས་རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་འདྲེན་སྦུག་ཁང་བདེ་བླག་ངང་བཙུགས་ཏེ་པྲོག་རྩ་བརྙན་བཟོའི་བརྟག་དཔྱད་ཐེངས་དང་པོ་བྱས། དུས་ཐུང་གཟའ་འཁོར་གཅིག་གི་རྗེས་སུ། པྲོག་རྩ་བརྙན་བཟོའི་གཤགས་བཅོས་གཉིས་པ་བདེ་བླག་བྱུང་ཡོད།
ད་ཐེངས་གཤགས་བཅོས་བྱེད་མཁན་གཙོ་བོ་ནི་བོད་སྐྱོར་རིགས་གཅིག་མཁས་ཅན་མིན་པར་དབང་ལེ་ཅི་ཡིས“དགེ་རྒན་གྱིས་དགེ་ཕྲུག་ཁྲིད་ནས”གསོ་སྐྱོང་བྱས་པའི་སྨན་པ་ཝང་པའོ་ཡུས་རེད།
སྨན་ཁང་གི་ས་གནས་དེ་གའི་སྨན་པས་རྦད་དེ་གཤགས་བཅོས་བྱེད་མཁན་གཙོ་བོར་བྱས་པའི་པྲོག་རྩ་བརྙན་བཟོའི་གཤགས་བཅོས་ཐེངས་དང་པོ་ལེགས་གྲུབ་བྱུང་བ་དེ་ལས་བོད་སྐྱོར་རིགས་གཅིག་མཁས་ཅན་དེ་དག་ཕ་ཡུལ་ལ་ལོག་ནའང་ས་གནས་འདི་གའི་ནད་པ་ཚོར་བློ་བདེའི་རྒྱབ་རྟེན་བཅོལ་ས་ཞིག་བཞག་པ་མཚོན་གྱི་ཡོད།
འདི་ལྟ་བུའི་རྒྱུན་འཛིན་ཧ་ཅང་མང་ཞིང་། “གཞན་བརྟེན”ནས“རང་བརྟེན”ལ་བསྒྱུར་བའི་བོད་སྐྱོར་ལག་ལེན་ཁྲོད་དུ“རིགས་གཅིག་མཁས་ཅན་གྱིས་རྐང་འཛིན་པ་ཁྲིད་པ”དང“དགེ་རྒན་གྱིས་དགེ་ཕྲུག་ཁྲིད་པའི”གོམས་སྲོལ་ཞིག་ཆགས་ཡོད། “བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་ས་གནས་དེ་གའི་སྨན་དོན་པ་མི་ཐེངས་4780དང་ཚོགས་པ་1860ལ་རོགས་རམ་དང་སྣེ་ཁྲིད”བྱས་པ་དང“སྨན་དོན་པ་2833རོགས་སྐྱོར་བྱེད་མཁན་སྨན་ཁང་དུ་གནས་སྦྱར་སློབ་སྦྱོང་དང་གསོ་སྦྱོང་ཟབ་སྦྱོང་བྱེད་པར་བཏང་བ”སོགས་གྲངས་གཞི་དེ་དག་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ་དང་བསྟུན་ནས་ས་གནས་དེ་གའི་སྨན་དོན་པའང་མགྱོགས་མྱུར་འཚར་ལོངས་བྱུང་སྟེ། ལ་ལས་རང་རྐྱ་འཕེར་བའི་ངང་གཤགས་བཅོས་མང་པོ་བྱེད་ཐུབ་པ་དང་། ལ་ལས་ཁོང་ཚོའི་དགེ་རྒན་དང་འདྲ་བར་ས་བབ་མཐོ་བའི་འབྲོག་ཁུལ་དུ་བསྐྱོད་ནས་འབྲོག་པའི་སྒོ་རྩར་སྨན་བཅོས་ཞབས་འདེགས་ཞུ་གི་ཡོད།
“ཤིང་འཛུགས་པར་ལོ་བཅུ་དང་མི་སྐྱོང་བར་ལོ་བརྒྱ་དགོས་པའི”སློབ་གསོའི་བྱ་གཞག་གི་ངོས་ནས་བརྗོད་ན། “ནམ་ཡང་གནས་ཐུབ་པའི་དཔུང་ཁག”ཅིག་ཞུན་བརྡར་སྤྲད་པར་དོན་སྙིང་དེ་བས་ཟབ་མོ་ལྡན་ཡོད།
སློབ་གསོའི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་མཐོ་རྒྱུགས་སྦྱངས་འབྲས་ཀྱི་ཟིན་ཐོ་གསར་པ་བསྟུད་མར་བཏོད་པ་སྟེ། ཧུའུ་པེ་ཞིང་ཆེན་གྱིས་རོགས་སྐྱོར་བྱས་ནས་བསྐྲུན་པའི་ཝུའུ་ཧན་བོད་ལྗོངས་སློབ་འབྲིང་གིས་མཐོ་རྒྱུགས་ཀྱི་དངོས་གཞིའི་ཚན་ཁག་ལ་རྒྱུགས་འཕྲོད་ཚད་ལོ་13བསྟུད་མར་90%ཡན་རྒྱུན་འཁྱོངས་བྱས་ཡོད། ཀྲེ་ཅང་གིས་ཁ་གཏད་རོགས་སྐྱོར་བྱས་པའི་ལྷ་ས་ནག་ཆུ་མཐོ་འབྲིང་དང་པོར་2025ལོར་མཐོ་རྒྱུགས་ནང་གཙོ་གནད་དངོས་གཞིའི་ཚན་ཁག་དང་དངོས་གཞིའི་ཚན་ཁག་ལ་རྒྱུགས་འཕྲོད་ཚད་74%དང་93%སོ་སོར་ཟིན་ཏེ་2019ལོའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་མ་བྱས་གོང་ལས་བརྒྱ་ཆའི་གྲངས་44དང་23སོ་སོར་འཕར་ཡོད།
བོད་དུ་སྐྱོད་སྐབས“ཧང་སངས་དགོས་པའི་སྦྱངས་འབྲས”དེ་འདྲ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང“དགེ་རྒན་གྲགས་ཅན་གྱིས་རྐང་འཛིན་པ་ཁྲིད་པའི”སྐོར་གྱི་གཏམ་རྒྱུད་ཀྱང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད།
ཅི་ལིན་ཞིང་ཆེན་གྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་དགེ་རྒན་ཡིན་པའི་གཞིས་རྩེ་སློབ་ཆུང་གི་མཛེས་རྩལ་དགེ་རྒན་ཀྲང་ཡན་གྱིས་དགེ་རྒན་ཆེ་མོ་བའི་ཆེ་ཉམས་བསྟན་ནས་མ་བསྡད་པར་རྟག་པར་དགོད་འཚེར་འཚེར་ངང་མི་དང་འགྲོགས་པ་དང་ལས་དོན་བསྒྲུབས་ཀྱི་ཡོད། རྒྱུན་གཏན་འཚོ་བའི་ཁྲོད་ཀྲང་ཡན་གྱིས་ཡུལ་འདི་གའི་དགེ་རྒན་ལ་སེམས་ཁུར་ཚད་མེད་བྱེད་ཀྱི་ཡོད་པ་དང་ཁོང་ཚོར་གདེང་ཚོད་བརྟན་དུ་བཏང་སྟེ་བོད་སྐྱོར་དགེ་རྒན་དང་མཉམ་དུ་དེང་རབས་སློབ་གསོའི་སྐར་ཁུང་འབྱེད་དགོས་པའི་སྐུལ་ལྕག་བྱེད་ཀྱི་ཡོད།
“ནམ་ཡང་གནས་ཐུབ་པའི་དཔུང་ཁག”ནི་དེ་ལྟར་བྱས་ནས་སྟོབས་ཆེ་རུ་སོང་བ་ཞིག་རེད།
སློབ་གྲྭའི་སེམས་ཁམས་བདེ་ཐང་སློབ་གསོའི་ཐད་ཀྱི་སྟོང་ཆ་སྐོང་ཆེད། ཧྲའན་ཤིས་ཞིང་ཆེན་གྱི་ཁག་བཅུ་པའི“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་ཤེས་ལྡན་པ་དང་ལྷ་ས་མངའ་རིས་ས་ཁུལ་མཐོ་འབྲིང་གི་དགེ་རྒན་དབྱང་ཀྲའོ་ཡིས་སླར་ཡང་འགོ་བཙུགས་ནས་ས་གནས་དེ་གའི་དགེ་རྒན་གསོ་སྦྱོང་དང་། ཆེད་ལས་ཚོགས་པ་འཛུགས་པ། སེམས་ཁམས་ཚོགས་པ་འཛུགས་པ་བཅས་བྱས་ཡོད།
འདི་ལོ་ཁྲུང་ཆིང་གི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སློབ་གསོའི་ཤེས་ལྡན་པ་ཁྲེན་ཡུན་གྱིས་བོད་སྐྱོར་བྱས་ནས་ལོ་དགུ་སོང་ཡོད་ཅིང་། “གཞན་བརྟེན”ནས“རང་བརྟེན”དུ་བསྒྱུར་བའི་འདུ་ཤེས་དང་ལག་ལེན་ལས་ཁོང་དང་ཚོགས་པས་ས་གནས་དེ་གའི་དགེ་རྒན་གྱི་སྣེ་ཁྲིད་དེ་སློབ་ཁྲིད་ཀྱི་བྱ་དགའ་སྣ་ཚོགས་ཐོབ་པར་འབད་ཡོད།
འགག་རྩ་ནི་མང་ཚོགས་ཀྱིས་གདེང་འཇོག་བཟང་པོ་ཐོབ་མིན་ལ་རག་ལུས་པ།
“སྤོ་ལོ་འཛུལ་སོང” ཟླ་5ཚེས་20ཉིན། གཞིས་རྩེ་གྲོང་ཁྱེར་ཧྲང་ཧའེ་ཚོད་ལྟའི་སློབ་གྲྭའི་ལུས་རྩལ་ཐང་དུ“ཤུགས་རྒྱོབ”དང“Animo”(སི་ཕེན་སྐད་ཀྱི་ཤུགས་རྒྱོབ་ཅེས་པ་ཡིན་པ)ཞེས་པའི་སྒྲ་གཅིག་རྗེས་གཉིས་མཐུད་ངང་གྲགས་ཤིང་། བར་ཐག་ལེ་དབར་མང་པོ་ཆོད་པའི་གཞོན་ནུའི་རྐང་རྩེད་སྤོ་ལོའི་རུ་ཁག་གཉིས་འགྲན་བསྡུར་འཁྲུག་པོ་ཞིག་བྱེད་བཞིན་ཡོད།
བོད་ལྗོངས་གཞིས་རྩེའི་གཞོན་ནུའི་རུ་ཁག་དང་འགྲན་བསྡུར་བྱེད་མཁན་ནི་ཨ་ཀེན་ཐིན་སར་ཐཱ་མངའ་སྡེ་ནས་ཡོང་བའི་གཞོན་ནུ་རུ་མི་ཚོ་ཡིན་ཞིང་། ཁོང་ཚོས་ཧྲང་ཧའེ་བོད་སྐྱོར་སྟོབས་ཤུགས་ཀྱི་སྒྲིག་འཛུགས་འོག“ཧྲང་ཧའེ་ནས་གཞིས་རྩེའི་བར”གྱི་བོད་སྐྱོར་གྱི་རྒྱལ་སྒྲོལ་ཡུལ་སྐོར་གཙང་གླས་གནམ་གྲུར་བསྡད་དེ“འཛམ་གླིང་ཐོག་ཀྲུང་གོ་དང་བར་ཐག་རིང་ཤོས་ཡིན་པའི་རྒྱལ་ཁབ”ནས་འདི་གར་ཡོང་ཡོད།
བོད་སྐྱོར་ལས་དོན་རུ་ཁག་ཁག་གིས་ས་མཐོའི་མང་ཚོགས་ཀྱི་བདེ་ཐང་ཐད་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་ཅིང་། ཟླ་5ཚེས་8ཉིན། བོད་ཀྱི“རྐང་ལག་ཡ་མ་གཟུགས་སྨན་བཅོས་ལྟེ་གནས”ཐོག་མ་དེ་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་བཙུགས་པ་རེད། པེ་ཅིང་གྲོང་ཁྱེར་ཅི་ཧྲུའེ་ཐན་སྨན་ཁང་དང་པེ་ཅིང་གྲོང་ཁྱེར་མ་བུ་བདེ་སྲུང་སྨན་ཁང་སོགས་རྒྱལ་ས་ནས་ཡོང་བའི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་དག་བོད་ཀྱི་མང་ཚོགས་ཀྱི“རྒྱབ་རྟེན་གལ་ཆེན”ཞིག་ཏུ་གྱུར་ཡོད།
རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་པ་ཀུའོ་ལུའོ་དང་བོད་སྐྱོར་སྨན་བཅོས་ཚོགས་པས་སྨན་པ་སྒྲིག་འཛུགས་དང་སྨན་རྫས་གྲ་སྒྲིག་ཐེངས་མང་བྱས་ནས། གངས་རི་དང་རྩྭ་ཐང་བརྒལ་བ་དང་ཆུ་བོ་སྒྲོལ་ཏེ་གང་སར་ཁ་ཐོར་དུ་གནས་པའི་ས་མཐོའི་འབྲོག་ཁུལ་དང་གྲོང་སྡེ་ཁག་ཏུ་བསྐྱོད་ཡོད།
གཞི་རིམ་དུ་འོས་འགན་སྨན་བཅོས་འདི་འདྲ་བྱེད་པར་བསྐྱོད་པ་ནི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་ཚོགས་པའི“རྒྱུན་གཏན་གྱི་ལས་དོན”ཞིག་རེད་ལ། བོད་སྐྱོར་སྨན་བཅོས་རུ་ཁག་དང་གྲོང་ཚོའི་འབྲོག་རའི་དབར་གྱི་འགྱུར་མེད་ཀྱི་ཁ་ཆད་ཅིག་ཀྱང་རེད། ཕྱོགས་ཁག་གི་འབད་བརྩོན་བརྒྱུད། མིག་སྔར་བོད་དུ“ནད་ཆེན”400ལྷག་ཙམ་རང་སྐྱོང་ལྗོངས་ནས་སྨན་བཅོས་ཐུབ་པ་དང་། “ནད་འབྲིང”2000ལྷག་ཙམ་ས་ཁུལ་དང་གྲོང་ཁྱེར་ནས་སྨན་བཅོས་ཐུབ་པ། རྒྱུན་ཐོན་ནད་དང་ཐོན་སླའི་ནད་རྫོང་དང་ཆུས་ནས་སྨན་བཅོས་ཐུབ་ཀྱི་ཡོད།
“སྡོང་རྒན”ཞིག་གི་རྩ་བ་ས་མཐོར་ཚུགས་པ།
བོད་སྐྱོར་ལས་དོན་མཇུག་འགྲིལ་ནས་ཕྱིར་ལོག་ལ་ཉེ་བའི་མཚམས་སུ་བོད་སྐྱོར་རུ་མི་ཚོའི་སེམས་ནང་མྱོང་བ་བརྗོད་མི་ཤེས་པ་ཞིག་ཡོང་གི་ཡོད།
ཞལ་གྱེས་ཞུ་བའི་མཇལ་དར་རེ་རེ་ལོ་དྲུག་རིང་བོད་སྐྱོར་ལས་ལ་གཞོལ་བའི་ཀྲེ་ཅང་གི་རྒན་ཤང་ཧྲོའུ་གོ་ལགས་ཀྱི་མགུལ་ལ་སྒྲོན་སྐབས་ཁོང་གིས་སྐད་ཆ་མང་པོ་ཤོད་དགོས་བསམ་ཀྱང་མགྲིན་པ་བརྣངས་ནས་ལུས། དེ་ལྟར་ཡུན་རིང་ཙམ་སོང་རྗེས་ཁོང་གིས“སྡོང་རྒན་ངའི་རྩ་བ་ཕལ་ཆེར་འདིར་ཚུགས་ཡོད་པ་འདྲ”ཞེས་བཤད།
གཞིས་རྩེ་གྲོང་ཁྱེར་མ་བུ་བདེ་སྲུང་ཁང་གི་བུ་བཙའི་ཚན་ཁག་གི་ཀྲུའུ་རེན་ཀྲའོ་ཧོ་ཡུང་ཡང་ཐོག་མཐའ་བར་གསུམ་དུ་བྱེ་རླུང་དང་གྲང་ངར་འགོག་པ་དང་ཇི་ཙམ་གྱིས་ཉེན་ཚབས་ཆེ་ན་དེ་ཙམ་གྱིས་འགྱིང་ངེར་གནས་པའི“སྡོང་རྒན”ལྟ་བུ་ཞིག་ཡིན།
དིང་རིར་ས་ཡོམ་བརྒྱབ་རྗེས་ཧྲན་ཏུང་གི་ཁག་བཅུ་པའི་བོད་སྐྱོར་སྨན་པ་ཀྲའོ་ཧོ་ཡུང་གིས་འཁོར་ཞག་རྫོགས་མེད་ཀྱང་འཕྲལ་མར་ལས་གནས་ཐོག་ལོག་ནས་འཐབ་ས་མདུན་མར་བསྐྱོད། ཡོམ་འཕྲོ་རྒྱུན་ཆད་མེད་པར་རྒྱག་པའི་ཛ་དྲག་ཆེ་བའི་གནས་ཚུལ་འོག་ཁོང་གིས“གལ་ཏེ་བསམ་ཡུལ་ལས་འདས་པའི་དོན་རྐྱེན་འཕྲད་ན་ལག་ཐོགས་ཁ་པར་ངའི་བུ་ལ་སྤྲོད་རོགས”ཞེས་པའི་ལན་ཞིག་ཁ་པར་གྱི་རྒྱབ་ངོས་སུ་སྦྱར་རྗེས་གེགས་སེལ་དཔུང་ཁག་གི་གྲས་སུ་ཞུགས་ཏེ་སྨན་བཅོས་སྲོག་སྐྱོབ་ཀྱི་ལས་ལ་གཞོལ།
ཀྲའོ་ཧོ་ཡུང་དང་ལས་རོགས་ཚོ་ཡོད་པས་གེགས་ཁུལ་གྱི་སྦྲུམ་མ་ཚོའི་བདེ་འཇགས་འགན་ལེན་ཐུབ་ཅིང་། ཁོང་ཚོས་དུས་ཚོད་དམ་འཛིན་གྱིས་སྦྲུམ་མ་ཚང་མ་བཀོད་སྒྲིག་འོས་འཚམ་བྱས་ནས་ཕྲུ་གུ་དམར་འབྱར་བདེ་བླག་ངང་སྐྱེ་ཐུབ་པར་བྱས།
ཤིང་སྡོང་ཁ་ཤས་ཀྱིས་ཡུལ་ཕྱོགས་གཅིག་གི་ས་ཆུ་སྲུང་ཐུབ་ལ། ནགས་ཚལ་གཅིག་གིས་ས་ཁུལ་ཞིག་གི་གནམ་གཤིས་ལ་འགྱུར་ལྡོག་གཏོང་ཐུབ། “ཚོགས་སྒྲིག་རྣམ་པའི”སྨན་བཅོས་དང་སློབ་གསོའི་བོད་སྐྱོར་དཔུང་ཁག་གིས་བརྩེ་བ་དང་འབད་འཐབ་ལ་བརྟེན་ནས་བསྐྱངས་པའི“ནགས་ཚལ”འདིས་བོད་ཀྱི་འཕེལ་རྒྱས་ལ་འཚོ་བཅུད་ཕུན་སུམ་ཚོགས་པོ་བསྣན་ཡོད།
མལ་གྲོ་གུང་དཀར་རྫོང་སློབ་འབྲིང་གི་དགེ་རྒན་ཀྲང་སུང་སོགས་ཡུལ་དེ་གའི་གཞོན་ནུ་དགེ་རྒན་ཁག་གཅིག་སློབ་གསོའི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱི་ཞིང་ས་གཤིན་པོའི་ཐོག་སྐྱོན་བྲལ་ངང་འཚར་ལོངས་བྱུང་ཞིང་། མིག་སྔའི་བར། བོད་སྐྱོར་ལས་དོན་རུ་ཁག་གིས་ས་གནས་དེ་གའི་དགེ་རྒན་མི་ཐེངས་4156སྒྲིག་འཛུགས་བྱས་ཏེ་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་དུ་གསོ་སྦྱོང་དང་སྤེལ་རེས་ལ་བསྐྱོད་པ་དང་། རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་ནས་རིགས་གཅིག་མཁས་ཅན་730གདན་དྲངས་ཏེ་ས་གནས་དེ་གའི་སློབ་གསོའི་ཤེས་ལྡན་པའི་མཐོང་རྒྱ་དང་འཇོན་ཐང་ཆེ་རུ་གཏོང་རྒྱུར་རོགས་རམ་བྱས་ཡོད།
ཟླ་བ་5པའི་ཟླ་མཇུག་ཏུ། ཀྲང་སུང་གིས་སློབ་མ་32ཁྲིད་དེ་ཅང་སུའུ་ནན་ཅིང་དུ་སློབ་སྦྱོང་ལ་བསྐྱོད་ཡོད་ཅིང་། ཁོང་གི་གམ་དུ་ཡོད་པའི་ལོ་རིམ་བརྒྱད་པའི་སློབ་མ་ཀུན་སྐྱིད་བློ་གྲོས་ཀྱིས་ཞིབ་མོས་བྲིས་པའི་བོད་བཟོའི་ཕོ་བྲང་དང་ནན་ཅིང་འབྲི་ཆུའི་ཟམ་ཆེན་གཉིས་མཛའ་མཐུན་ལག་གདང་སྦྲེལ་བའི་པར་སྒྲོམ་ཆེན་པོ་ཞིག་བཟུང་ཡོད་ཅིང་། ཁོང་ཚོས་ལག་རྟགས་འདི་རྒྱང་རིང་གི་གྲོགས་པོར་སྤྲོད་རྩིས་བཞིན་ཡོད།