ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

《བོད་ལྗོངས་ཞིབ་འཇུག》སྤུས་ཚད་མཐོ་པོའི་གོང་འཕེལ་གཏོང་ཐབས་སྐོར་གྱི་བགྲོ་གླེང་ཚོགས་འདུ་ལྷ་སར་འཚོགས་པ།

སྤེལ་དུས 2025-07-24 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ7པའི་ཚེས18ཉིན།  《བོད་ལྗོངས་ཞིབ་འཇུག》སྤུས་ཚད་མཐོ་པོའི་གོང་འཕེལ་གཏོང་ཐབས་སྐོར་གྱི་བགྲོ་གླེང་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གདེང་འཇོག་ཞིབ་འཇུག་ཁང་དང་། པེ་ཅིང་སློབ་ཆེན། ཀྲུང་དབྱང་མི་རིགས་སློབ་ཆེན། ཀྲེ་ཅང་སློབ་ཆེན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། ནུབ་བྱང་མི་རིགས་སློབ་ཆེན། མཚོ་སྔོན་དགེ་འོས་སློབ་ཆེན། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་སོགས་རྒྱལ་ཡོངས་ཀྱི་ཚན་རིག་ཞིབ་འཇུག་ལས་ཁུངས17དང་མཐོ་སློབ17ནས་ཡོང་བའི་ཆེད་མཁས་པ་དང་མཁས་དབང70ལྷག་ཙམ་ཚོགས་འདུར་ཞུགས་ཡོད།
བགྲོ་གླེང་ཚོགས་འདུའི་ཡུལ་དངོས།
             《བོད་ལྗོངས་ཞིབ་འཇུག》ནི་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་གཙོ་སྐྱོང་དང་གཙོ་སྒྲུབ་བྱས་པའི་བོད་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་དང་བོད་རིག་པའི་ཞིབ་འཇུག་གི་ཕྱོགས་བསྡུས་རང་བཞིན་གྱི་རིག་གཞུང་དུས་དེབ་ཅིག་ཡིན་པ་དང་། རྒྱ་ཡིག་པར་གཞི་དེ1981ལོ་དང་བོད་ཡིག་པར་གཞི་དེ1982ལོར་འདོན་སྤེལ་བྱས་ཡོད། དུས་དེབ་དེ་འདོན་སྤེལ་བྱས་པ་ནས་བཟུང་། ཐོག་མཐའ་བར་གསུམ་དུ་བོད་ལྗོངས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དུས་དེབ་གཉེར་བའི་དམིགས་ཡུལ་མཐའ་འཁྱོངས་བྱས་ཡོད།
             ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུ་ནི་བོད་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་བྱ་གཞག་གི་ལོ60རིང་གི་འཕེལ་རྒྱས་ཀྱི་གྲུབ་འབྲས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་ཞིག་ཡིན་ལ། བོད་ལྗོངས་དང་འབྲེལ་བའི་ཞིབ་འཇུག་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བ་དང་རིག་གཞུང་ལ་བརྟེན་ནས་བོད་ལྗོངས་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་པར་སྐུལ་འདེད་གཏོང་ཆེད་ཡིན། 
བགྲོ་གླེང་ཚོགས་འདུའི་ཡུལ་དངོས།
             བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་དང་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལི་ཞའོ་ཉིང་གིས་བརྗོད་དོན།《བོད་ལྗོངས་ཞིབ་འཇུག》བཏོན་པ་ནས་བཟུང་།  ཐོག་མཐའ་བར་གསུམ་དུ་བོད་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་བར་རོགས་རམ་བྱས་ཏེ། མི་རྣམས་ཀྱིས་བོད་ལྗོངས་ཀྱི་གནས་ཚུལ་ངོ་མ་ཤེས་རྟོགས་བྱེད་པའི་མེ་ལོང་ཞིག་དང་བོད་ལྗོངས་ཀྱི་ལོ་རྒྱུས་ལ་རྟོག་ཞིབ་བྱེད་པའི་སྒེའུ་ཁུང་ཞིག་ཏུ་གྱུར་ཡོད་ལ། བོད་ལྗོངས་དང་བོད་འབྲེལ་ཁུལ་རྫོང་གི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལ་སྐུལ་འདེད་གཏོང་བའི་རིག་གཞུང་སྟེགས་བུ་གལ་ཆེན་ཞིག་ཀྱང་ཡིན། འགོ་ཚུགས་ས་གསར་པར། ལོ40ལྷག་ཙམ་གྱི་རིག་གཞུང་ཞིབ་འཇུག་གི་ཉིང་བཅུད་འདུས་པའི་དུས་དེབ་འདིས་ལོ་རྒྱུས་སྔར་ལས་གཏིང་ཟབ་པའི་ཐོག་ནས་བོད་ལྗོངས་ཀྱི་ཤེས་རིག་གི་རྒྱུན་མཐུད་རང་བཞིན་གཏིང་ཟབ་ཏུ་མངོན་པ་དང་། སྔར་ལས་ཚོར་སྣང་སྐྱེན་པའི་དོན་དངོས་ཀྱི་གསལ་རྟོགས་ནུས་པའི་ཐོག་ནས་རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱི་འཐབ་ཇུས་ཀྱི་དགོས་མཁོར་ཞབས་འདེགས་ཞུ་བ། སྔར་ལས་ཡངས་པའི་རྒྱལ་སྤྱིའི་མཐོང་རྒྱ་ལས་བོད་ལྗོངས་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་པ་བཅས་བྱེད་རྒྱུ་ཡིན། 
             ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུ་དེར་བརྗོད་དོན་གཙོ་བོའི་གཏམ་བཤད་དང་ཡན་ལག་གླེང་སྟེགས་གཉིས་སུ་དབྱེ་ཡོད་པ་དང་། བརྗོད་དོན་གཙོ་བོའི་གཏམ་བཤད་ནང་ཆེད་མཁས་པ8ཀྱིས《བོད་ལྗོངས་ཞིབ་འཇུག》གི་འབྱུང་འགྱུར་འཕེལ་རྒྱས་ལ་རྒྱང་ལྟ་དང་། བོད་ལྗོངས་དང་འབྲེལ་བའི་རིག་གཞུང་དུས་དེབ་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་བསམ་གཞིག་འགའ་ཞིག དུས་དེབ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་། གླེང་གནད། ཚད་གཞི། དུས་རབས་གསར་པའི་བོད་ལྗོངས་དང་འབྲེལ་བའི་དུས་དེབ་ཀྱི་ལས་འགན་དང་འགན་འཁུར་སོགས་ཀྱི་ཐད་ནས། བོད་འབྲེལ་བའི་དུས་དེབ་ཀྱི་སྤུས་ཚད་མཐོ་པོའི་འཕེལ་རྒྱས་ཀྱི་ཆོས་ཉིད་དང་ཁྱད་ཆོས་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་། བོད་འབྲེལ་དུས་དེབ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ཇུས་ལ་བསམ་གཞིག་གཏིང་ཟབ་བྱས་ཡོད།
             ཚོགས་ཞུགས་ཆེད་མཁས་པས་ཐེངས་འདིའི་བགྲོ་གླེང་ཚོགས་འདུ་འཚོགས་པ་དེས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ60སོང་རིང་བོད་འབྲེལ་དུས་དེབ་ལ་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ཕྱོགས་བསྡོམས་ཡག་པོ་བྱ་རྒྱུར་ཕན་ཐོགས་ཡོད་པ་མ་ཟད། རིག་གཞུང་གྲུབ་འབྲས་གཞན་སྒྱུར་དང་བོད་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་གལ་ཆེན་ཞིག་ཀྱང་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ལ། ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུས་སྒྲིག་གཞི་ལས་བརྒལ་བའི་མཉམ་ལས་ལམ་སྲོལ་འཛུགས་པ་དང་། མདུན་གྲལ་ཞིབ་འཇུག་བྱ་གཞིའི་འགག་གནད་སྒྲོལ་བ། ཤུགས་རྐྱེན་རྒྱུ་རྐྱེན་མུ་མཐུད་མཐོ་རུ་གཏོང་རྒྱུ་སོགས་ཐད་ཚད་བརྒལ་ཡོང་བའི་རེ་སྒུག་བྱས་ཡོད།