ལོ་སྟོད་ལ་བོད་ལྗོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་གི་སྤྱི་འབོར་སྒོར་དུང་ཕྱུར43.4ཟིན་པ།
སྤེལ་དུས 2025-07-24
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
རྩོམ་པ་པོ།
ཚེས22ཉིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2025ལོའི་ལོ་སྟོད་ལ་བོད་ལྗོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་གི་སྤྱི་འབོར་སྒོར་དུང་ཕྱུར43.4ཟིན་ནས་དུས་མཚུངས་ལས་བརྒྱ་ཆ14.1འཕར་བ་དང་། འཕར་སྣོན་འགྲོ་ཚད་རྒྱལ་ཡོངས་ནས་མགྱོགས་ཤོས་ཡིན་པ་རེད། དེའི་ནང་ཕྱིར་གཏོང་སྒོར་དུང་ཕྱུར37ཟིན་ནས་བརྒྱ་ཆ15.4འཕར་བ་དང་། ནང་འདྲེན་སྒོར་དུང་ཕྱུར6.4ཟིན་ནས་བརྒྱ་ཆ7འཕར་ཡོད་པ་རེད།
ལྷ་ས་འགག་སྒོའི་འགོ་འཛིན་གཞོན་པ་ལི་སུང་གིས། ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60འཁོར་བའི་ལོ་ཞིག་རེད་ལ། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་མཇུག་བསྡུ་བའི་ལོ་ཞིག་ཀྱང་རེད། ལོ60རིང་། བོད་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ནས་ཉོ་ཚོང་སྤྱི་འབོར1965ལོའི་སྒོར་ཁྲི693ནས་ལོར་ཆ་སྙོམས་སྒོར་དུང་ཕྱུར་བརྒྱ་ལྷག་བར་འཕར་བ་དང་། འགྲིམ་འགྲུལ་ཆ་རྐྱེན་ཡང་གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ་སོགས་སུ་འཕེལ་རྒྱས་བྱུང་བ། ཉོ་ཚོང་རོགས་ཟླའི་རྒྱལ་ཁབ་དང་ས་ཁུལ100ལྷག་ཙམ་བར་མང་དུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས་འདུག
མིག་སྔར། བོད་ལྗོངས་སུ་རྒྱལ་ཁབ་རིམ་པའི་སྒོ་དབྱེའི་འགག་སྒོ་ལྔ་དང་། ཕྱོགས་བསྡུས་ཁྲལ་མེད་ཁུལ། རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་སོགས་སྒོ་དབྱེའི་ལས་སྟེགས་ཁྱུ་ཚོགས་ཤིག་གྲུབ་ནས་ཀྲུང་གོའི་ཐོན་རྫས་ཨེ་ཤ་ཡ་ལྷོ་མར་ཕྱིར་གཏོང་བྱེད་པའི་བགྲོད་ལམ་གལ་ཆེན་ཞིག་ལ་གྱུར་ཡོད། མཐའ་མཚམས་ཉོ་ཚོང་དང་སྒོ་དབྱེའི་སྟེགས་བུ་འཛུགས་སྐྲུན་བྱས་པ་དེས་བོད་ལྗོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་མྱུར་པོ་བྱུང་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60འཁོར་བར་ཕྱག་རྟག་རྩེ་གྲ་ཞིག་ཕུལ་ཡོད།