—— ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་གི་གྲོང་གསེབ་ཀྱི་སྡོད་ཁང་རྙིང་པ་སྒྱུར་བཀོད་རིམ་སྤོར་བྱ་སྤྱོད་ཚོད་ལྟ་བྱས་པའི་མཐོང་ཐོས།
འདི་ནི་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་རྫ་ར་ཤང་རྫ་ར་གྲོང་ཚོ་སྒྱུར་བཀོད་བྱས་རྗེས་ཀྱི་ཡུལ་མིའི་སྡོད་ཁང་ཡིན་པ།
ས་བབ་སྨི5070ཟིན་པའི་ཕུ་མ་གཡུ་མཚོ་ནས་ཐོན་ཏེ་རྒྱལ་ལམ219བརྒྱུད་ལྷོ་ཕྱོགས་སུ་བསྐྱོད་ཚེ། སྐུ་ལྷ་མཁའ་རིའི་རི་གཤམ་དུ་གནས་པའི་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་རྫ་ར་ཤང་དུ་སླེབས་མ་ཐག་དཀར་ནག་ཁྲ་ཡི་བརྒྱན་པའི་བོད་བཟོའི་ཁང་པ་མིག་ལམ་དུ་མངོན་འོང་། རྫོང་གི་ལས་བྱེད་པས་ངོ་སྤྲོད་བྱས་པར། དེ་གར་ནི་ལྷོ་བྲག་རྫོང་གིས་རྫ་ར་ཤང་དུ་ལག་ལེན་བསྟར་བའི་གྲོང་གསེབ་ཀྱི་སྡོད་ཁང་རྙིང་པ་སྒྱུར་བཀོད་རིམ་སྤོར་བྱ་སྤྱོད་ཚོད་ལྟའི་ཁུལ་ཞིག་རེད།
“སྐབས་དེ་དུས་ང་ཚོ་རང་འགུལ་ངང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ནང་ཞུགས་མ་ཐུབ་པས་འགྱོད་པ་སྐྱེས་ཀྱི་འདུག སྟབས་ལེགས་པ་ཞིག་ལ་ད་ཆ་སྲིད་གཞུང་གིས་གྲོང་གསེབ་ཀྱི་སྡོད་ཁང་རྙིང་པ་སྒྱུར་བཀོད་རིམ་སྤོར་བྱ་སྤྱོད་ལག་ལེན་བསྟར་འགོ་བཙུགས་ཏེ་ཁ་གསབ་ཡོད་པའི་ཐོག་རང་ཉིད་ཀྱིས་དངུལ་ཕྲན་བུ་བཏང་ན་སྡོད་ཁང་གསར་པ་བརྒྱབ་ཆོག་གི་འདུག”ཅེས་རྫ་ར་ཤང་ལྷ་ལུང་གྲོང་ཚོའི་ཚོགས་ཆུང་བཞི་པའི་པད་མ་སྒྲོལ་མས་སྨི་ངོས་གྲུ240ཟིན་པའི་རང་ཁྱིམ་གྱི་ཁང་པར་ལྟ་བཞིན་དགའ་སྤྲོ་ཆེན་པོས་བཤད།
“མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་སྲིད་ཇུས་ལག་བསྟར་གྱི་དུས་ཡུན་ཐིམ་པ་དང་ཆབས་ཅིག་འབྱོར་འབྲིང་གྲོང་ཚོའི་སྡོད་ཁང་འཛུགས་སྐྲུན་ནང་རང་འགུལ་ངང་མ་ཞུགས་པའི་མང་ཚོགས་མི་ཉུང་བ་ཞིག་ཡོད། ཁོང་ཚོའི་ཁང་པར་འཆར་འགོད་ཚད་གཞི་དེ་ཙམ་མཐོ་པོ་མེད་པ་དང་། ཨར་སྐྲུན་གྱི་སྤུས་ཚད་ཡག་པོ་མེད་པ། སྤྱོད་ཡུན་ལོ་ཚད་ཅུང་རིང་བ་སོགས་ཀྱི་གནད་དོན་ཡོད་སྟབས། 2023ལོར་ང་ཚོས་མ་དངུལ་གྲབས་གསོག་བྱེད་འགོ་བཙུགས་ཏེ་རྫ་ར་ཤང་དུ་གྲོང་གསེབ་ཀྱི་སྡོད་ཁང་རྙིང་པ་སྒྱུར་བཀོད་རིམ་སྤོར་བྱ་སྤྱོད་ཚོད་ལྟ་བྱས་ཡོད”ཅེས་ལྷོ་བྲག་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་ཐེན་ཀང་གིས་ངོ་སྤྲོད་བྱས།
དུས་འགོར་བརྟག་དཔྱད་བྱས་པ་ལས་ཚང་མའི་སེམས་ལ་གདེང་ཚོད་བྱུང་བར་བརྟེན། ལྷོ་བྲག་རྫོང་གིས་ཕྱོགས་མང་པོའི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ནས་རྫོང་སྲིད་གཞུང་གི་ཁག་བགོས་དོ་དམ་འགོ་ཁྲིད་ཀྱིས་སྣེ་ཁྲིད་ནས“འགན་གཙང་ལེན་མཁན་འགོ་ཁྲིད་དང་། བཅའ་ཁྲིམས་བློ་འདྲི། རྫོང་དང་ཤང་གི་ལས་སྒོའི་རྐང་འཛིན་པ། གྲོང་ཚོ་རིམ་པའི་ཏང་ཡོན་དྲ་མིག་བཅས་ཟུང་འབྲེལ”གྱི་ལས་དོན་ཆེད་སྒྲུབ་ཚོགས་ཆུང་བཙུགས་ནས་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་རིམ་གསུམ་མཉམ་འགུལ་གྱི་སྐུལ་འདེད་ལམ་སྲོལ་བཟོས་ཡོད། དེ་དང་ཆབས་ཅིག་མང་ཚོགས་ཀྱིས་སྲིད་ཇུས་ཤེས་མཁན་དང་། སྙན་གྲགས་ལྡན་པའི་ཏང་ཡོན། མང་ཚོགས་ཀྱི་འཐུས་མི་བཅས100ལྷག་ཙམ་འདེམས་བསྐོ་བྱས་ནས་སྒྱུར་བཀོད་རིམ་སྤོར་ལས་ཀའི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱེད་པར་ཞུགས་སུ་བཅུག་ཡོད།
ཐེན་ཀང་གིས་ངོ་སྤྲོད་བྱས་པར། རྫོང་དུ་རྣམ་གྲངས་ཀྱི་ཐབས་ཇུས་འགོད་པ་དང་། ས་ཆ་འདེམས་པ། འཆར་གཞི་འགོད་པ། སྤུས་ཚད་ལ་ལྟ་ཞིབ་བྱེད་པ་སོགས་ཀྱི་ལྷུ་ཚིགས་ཐད“མང་ཚོགས་རང་མོས་ངང་ཞུགས་པ་དང་། སྲིད་ཇུས་ཀྱིས་རྒྱབ་སྐྱོར་དང་མཛུབ་ཁྲིད་བྱེད་པའི”རྩ་དོན་མཐའ་འཁྱོངས་བྱས་པ་མ་ཟད། ས་ཆ་བེད་སྤྱོད་དང་ཁ་གསབ་སྲིད་ཇུས་སོགས་ཐད་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས་རྒྱུ་ཆ་གོང་འབུལ་དང་། ཁ་གསབ་བྱ་ཡུལ་གཏན་འཁེལ། མ་དངུལ་གྲབས་གསོག ཨར་སྐྲུན་ལ་མཛུབ་ཁྲིད། མི་ཕྱུགས་ལོགས་དབྱེ། ཡོམ་འགོག་དང་ནུས་རྒྱུ་གྲོན་ཆུང་སོགས་ཐད་ཚད་ལྡན་ཡོང་བར་བྱས་པ་མ་ཟད། “མ་ལག་ཅན་གྱི་སྒྱུར་བཀོད་དང་། རྣམ་གྲངས་ཅན་གྱི་ལག་བསྟར། དཔེ་སྟོན་ཅན་གྱི་སྐུལ་ཁྲིད། གཞི་གཅིག་ཅན་གྱི་སྐུལ་འདེད”བཅས་ཀྱི་བསམ་ཕྱོགས་གཞིར་བཟུང་ལས་དོན་སྤེལ་རྒྱུར་ཡང་སྐུལ་འདེད་བཏང་ཡོད། མིག་སྔའི་བར། ལྷོ་བྲག་རྫོང་གི་དུད་ཚང283གྱིས་གྲོང་གསེབ་ཀྱི་སྡོད་ཁང་རྙིང་པ་སྒྱུར་བཀོད་རིམ་སྤོར་བྱ་སྤྱོད་ནང་མིང་ཐོ་བཀོད་ནས་དུད་ཚང262ལས་འགོ་བཙུགས་པ་དང་དུད་ཚང20ཙམ་བསྐྲུན་ཟིན་ཏེ་ཁ་གསབ་མ་དངུལ་སྒོར་ཁྲི1778བསློགས་ཡོད།
གཞི་རིམ་མང་ཚོགས་ཀྱིས་གྲོང་གསེབ་ཀྱི་སྡོད་ཁང་རྙིང་པ་སྒྱུར་བཀོད་རིམ་སྤོར་བྱ་སྤྱོད་ལ་ཤེས་རྟོགས་ཡག་པོ་ཐུབ་པ་བྱ་ཆེད། རྫོང་དེས་ཤང་དང་གྲོང་རྡལ་དང་གྲོང་ཚོ་དང་སྡེ་ཁུལ་ཁག་གིས་ཡུལ་མིའི་ཚོགས་ཆེན་འཚོགས་པ་སོགས་ཀྱི་གོ་སྐབས་སྤྱད་དེ“དཔེ་རིས་གཉིས་དང་ཡི་གེ་གཅིག”(ཁང་པའི་ཨར་སྐྲུན་གྱི་དཔེ་རིས་དང་ཁང་པའི་ཕྱི་དབྱིབས་མཛེས་རྒྱན་གྱི་དཔེ་རིས་དང་། ཨར་སྐྲུན་སྤུས་ཚད་ཀྱི་ཁས་ལེན་ཡི་གེ)གི་སྲིད་ཇུས་ལ་འགྲེལ་བཤད་བརྒྱབ་ནས་མང་ཚོགས་ཀྱི་དོགས་གནད་བསལ་བ་དང་མང་ཚོགས་ཀྱི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་ཏེ་མང་ཚོགས་དབར་འགལ་བ་མང་བ་དང་གན་རྒྱ་འཇོག་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པས། སྒྱུར་བཀོད་རིམ་སྤོར་གྱི་ལས་དོན་དེ་མང་ཚོགས་ཀྱི་ལྟ་སྐུལ་འོག་སྐུལ་འདེད་བརྟན་པོ་གཏོང་ཐུབ་ནས་སྒྱུར་བཀོད་ཀྱི་ཕན་འབྲས་མང་ཚོགས་ཀྱི་དགོས་མཁོ་དང་དེ་བས་འཚམ་ཐུབ་པ་བྱུང་ཡོད།
“ད་རེས་ང་ཚོའི་ཁྱིམ་གྱི་རྒྱབ་མདུན་དང་ས་ངོས་དང་ས་འོག་ཚང་མར་གཞི་གཅིག་ཅན་གྱི་སྒྱུར་བཀོད་བྱས་ཡོད”ཅེས་གྲོང་གསེབ་ཀྱི་སྡོད་ཁང་རྙིང་པ་སྒྱུར་བཀོད་རིམ་སྤོར་བྱ་སྤྱོད་ཁག་དང་པོའི་ནང་ཞུགས་མཁན་རྫ་ར་ཤང་གི་ཡུལ་མི་ཚེ་རིང་གིས་ཞབས་ཞུ་སྣ་ཚོགས་ལོངས་སུ་སྤྱད་པའི་རྨང་གཞིའི་ཐོག་མ་དངུལ་སྒོར་ཁྲི30རང་གྲབས་བྱས་ནས་སྨི་ངོས་གྲུ260ཟིན་པའི་བོད་བཟོའི་ཐོག་ཁང་སྒོ་ར་ཅན་ཞིག་བསྐྲུན་ཐུབ་ནས་དེ་ལྟར་བཤད།
“སྡོད་ཁང་རྙིང་པ་སྒྱུར་བཀོད་རིམ་སྤོར་བྱས་པ་ལས་ཁང་པའི་བདེ་འཇགས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་བསལ་བ་མ་ཟད། ལས་ཤུགས་གཉིས་འདོན་གྱི་བྱེད་སྟངས་བརྒྱུད་ས་གནས་དེ་གའི་མང་ཚོགས་ཀྱི་དངུལ་སྨར་ཡོང་འབབ་མང་དུ་ཕྱིན་པ་དང་འབྲེལ་ཡོད་ཀྱི་སྟོད་རྒྱུད་དང་སྨད་རྒྱུད་ཀྱི་ལས་རིགས་མང་པོ་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་ཀྱང་ཐུབ་ཡོད”ཅེས་ཐེན་ཀང་གིས་བཤད་པ་དང་། ཁོང་གིས། རྫོང་གིས་གྲོང་གསེབ་ཀྱི་སྡོད་ཁང་རྙིང་པ་སྒྱུར་བཀོད་རིམ་སྤོར་བྱ་སྤྱོད་ལག་ལེན་བསྟར་བ་ལས། སྔོན་དཔག་ལྟར་ན་ཨར་སྐྲུན་ལས་རིགས་ལ་ཐོན་སྐྱེད་རིན་ཐང་སྒོར་ཁྲི8000ཙམ་འཕར་རྒྱུར་སྐུལ་མ་ཐེབས་ནས་མང་ཚོགས2789ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་ཡོད་ཅེས་བཤད།