དབྱར་གཞུང་དུ་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་སྐྱོད་སྐབས། འདི་གའི་ཆུ་རྐྱལ་ཁང་དང་། སྤོ་ལོ་ཁང་། ལུས་སྦྱོང་རྐང་ལམ་ལ་ཡོང་མཁན་ལུས་སྦྱོང་བ་ཤིན་ཏུ་མང་། ལུས་རྩལ་ཕྱོགས་བསྡུས་ཁང་དེ་བསྐྲུན་ནས་ད་བར་ལོ11འགྲོ་གི་ཡོད་པ་དང་། ད་ཆ་ལུས་རྩལ་ལྟེ་གནས་དེ་ཉིད་ས་མཐོའི་གྲོང་མིའི་ལུས་སྦྱོང་བྱ་ཡུལ་གསར་པ་ཞིག་ཏུ་གྱུར་ཡོད།
ལོ60ལྷག་ཙམ་གྱི་གོང་དུ། སྒོར་གཞས་དང་རྟ་རྒྱུག་སོགས་སྲོལ་རྒྱུན་གྱི་དམངས་སྲོལ་བྱེད་སྒོ་མཚམས་མཚམས་སུ་སྤེལ་བ་ཕུད། སྤྱིར་ན་མི་རྣམས་ཀྱི་རྒྱུན་གཏན་གྱི་བྱེད་སྒོའམ་ལུས་སྦྱོང་ནི་སྒོ་ཕྱུགས་འཚོ་སྐྱོང་དང་ཤུགས་ལས་ཁོ་ན་ལས་མེད། སྐབས་དེ་དུས་གྲོང་ཁྱེར་དུའང་གཞི་ཁྱོན་ཅན་གྱི་ལུས་རྩལ་སྒྲིག་བཀོད་ཧ་ལམ་མེད་སྟབས“ལུས་སྦྱོང”ཞེས་པའི་ཐ་སྙད་ཀྱང་གོ་རྒྱུ་ཐོས་རྒྱུ་མེད།
ལྷ་ས་གྲོང་ཁྱེར་མི་དམངས་ལུས་རྩལ་ཐང1960ལོར་སྤྱོད་འགོ་ཚུགས་པ་ནས2025ལོའི་བར། གྲོང་ཁྱེར་ཡོངས་ཀྱི་ལུས་རྩལ་ཐང་གི་བསྡོམས་འབོར2200ལས་བརྒལ་བ་དང་། གངས་ལྗོངས་ས་མཐོའི་དམངས་ཡོངས་ཀྱི་ལུས་སྦྱོང་བྱ་གཞག་ཀྱང་རིམ་བཞིན་འཕེལ་རྒྱས་ཀྱི་མགྱོགས་ལམ་དུ་སྐྱོད་འགོ་ཚུགས།
1960ལོར་ལྷ་སར་དེང་རབས་ཀྱི་ལུས་རྩལ་སྒྲིག་བཀོད་དང་པོ་སྟེ། ལྷ་ས་གྲོང་ཁྱེར་མི་དམངས་ལུས་རྩལ་ཐང་བསྐྲུན་ཞིང་། སྐབས་དེར་ལུས་རྩལ་ཐང་དེ་ཉིད་ལས་བྱེད་པ་དང་མང་ཚོགས་ཀྱི་སྦྱོང་བརྡར་བྱེད་ས་དང་འགྲན་བསྡུར་ལྟ་ས་གཙོ་བོར་གྱུར། ཐོག་མའི་དུས་སུ་དེ་གར་མཆོང་རྒྱུག་འཕེན་གསུམ་གྱི་ར་བ་དང་སྤང་ཐང་སྤོ་ལོའི་ར་བ། དེ་བཞིན་ལན་ཆིའུ་སྤོ་ལོ་ཐང་ཉུང་ཤས་ཤིག་ལས་མེད་པས་སྒྲིག་བཀོད་ནི་སྟབས་བདེ་ཞིག་རེད། ཕྱིས་སུ་བཟོ་སྐྱོར་དང་རྒྱས་སྐྲུན་ཐེངས་མང་བྱས་པ་བརྒྱུད་བེད་སྤྱོད་ནུས་པ་རིམ་བཞིན་མང་དུ་དང་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན།
ལུས་རྩལ་ཐང་དེ་ཉིད་ལྷ་སའི་ལུས་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་ཐོག་མའི་དུས་ཀྱི་དྲན་ཤེས་སུ་གྱུར་ལ། ས་མཐོའི་ལུས་རྩལ་འཕེལ་རྒྱས་ཀྱི་འགོ་འཛུགས་ས་ཞིག་ཏུ་གྱུར་ཡོད།
དུས་རབས་གསར་པར་སླེབས་རྗེས། ལྷ་སའི་ལུས་རྩལ་ཐང་འཛུགས་སྐྲུན་ཡང་མགྱོགས་ལམ་ཐོག་བསྐྱོད་ཡོད། གྲངས་གཞི་ལས་མངོན་པ་ལྟར་ན། 2025ལོའི་ཟླ5པའི་བར། གྲོང་ཁྱེར་ཡོངས་ཀྱི་ལུས་རྩལ་ཐང་གི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི208.27ཟིན་པ་དང་། མི་རེའི་ཆ་སྙོམས་ལུས་རྩལ་ཐང་གི་རྒྱ་ཁྱོན་སྨི་ངོས་གྲུ2.42ཟིན་ཡོད།
མིག་སྔར། ལྷ་ས་གྲོང་ཁྱེར་དུ་ལན་ཆིའུ་སྤོ་ལོ་ཐང583དང་། རྐང་རྩེད་སྤོ་ལོ་ཐང209 ཕིང་ཕང་སྤོ་ལོ་རྒྱག་ས393 བྱ་སྒྲོའི་སྤོ་ལོ་རྒྱག་ས100 ཆུ་རྐྱལ་ཁང6བཅས་ཡོད་པ་དང་། དེས་མ་ཚད་སྡེ་ཁུལ་དང་ཤང་གྲོང་དུ་དམངས་ཡོངས་ཀྱི་ལུས་སྦྱོང་ལམ435དང་། ལུས་སྦྱོང་ཁང175 ལུས་སྦྱོང་རྐང་ལམ29བཅས་ཡོད་པས། དམངས་རྣམས་ཁྱིམ་གྱི་སྒོ་རྩར་སྦྱོང་བརྡར་བྱེད་ཐུབ་ཀྱི་ཡོད།
སྟོད་ལུང་བདེ་ཆེན་ཆུས་ཀྱི་བསོད་ནམས་དབྱངས་ཅན་གྱིས། “ང་ཚོའི་སྡེ་ཁུལ་དུ་སྔོན་ཆད་ཐང་སྡེར་ལུས་རྩལ་ཐང་གཅིག་ལས་མེད། འོན་ཀྱང་། ད་ལྟ་ཚད་ལྡན་གྱི་ལན་ཆིའུ་སྤོ་ལོ་ཐང་ཡོད་པ་མ་ཟད། ལུས་སྦྱོང་ཡོ་བྱད་ཀྱང་ཡོད”ཅེས་དང་། ཁོང་གིས། “ད་ལྟ་ཚང་མས་ལུས་སྦྱོང་ལ་དེ་བས་མཐོང་ཆེན་བྱེད་ཀྱི་འདུག”ཅེས་བརྗོད།
ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀེ་ཐུང་རུང་གིས། ད་ལྟ“མང་ཚོགས་ཀྱི་ལུས་སྦྱོང་གི་དགོས་མཁོ་ནི‘ལུས་སྦྱོང་བྱེད་ས་ཡོད་མེད’དེ་མིན་པར། ‘ལུས་སྦྱོང་བྱེད་ས་ཡག་པོ་ཡོད་མེད’དང‘སྟབས་བདེ་མིན’དེ་རེད”ཅེས་དང་། ཁོང་གིས། ལྷ་སས“སྐར་མ་བཅོ་ལྔའི་མཚམས་ཀྱི་ལུས་སྦྱོང་ཁུལ”ཚ་ཚ་འུར་འུར་ངང་སྐྲུན་བཞིན་ཡོད་པས། འབྱུང་འགྱུར་མང་ཚོགས་ནས་རང་ཉིད་ལ་འཚམ་པའི་ལུས་སྦྱོང་ཁོར་ཡུག་ཅིག་འཚོལ་བར་རྐང་ཐང་དུ་སྐར་མ15ཡང་སྐྱོད་མི་དགོས་པའི་བརྩོན་ལེན་བྱེད་བཞིན་ཡོད་ཅེས་བརྗོད།
ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་ནི་ཉེ་བའི་ལོ་ཤས་རིང་གཙོ་གནད་ཐོག་བསྐྲུན་པའི་སྤྱི་པའི་ལུས་སྦྱོང་ཁུལ་ཞིག་ཡིན་པ་དང་། དེ་གར་ཆུ་རྐྱལ་དང་། བྱ་སྒྲོའི་སྤོ་ལོ། ཕིང་ཕང་སྤོ་ལོ། རྐང་རྩེད་སྤོ་ལོ། ལན་ཆིའུ་སྤོ་ལོ་སོགས་ཀྱི་སྒྲིག་བཀོད་བསྒར་ཡོད་པ་རེད། 2014ལོར་སྒོ་མོ་ཕྱེ་བ་ནས་བཟུང་། ཉིན་ལྟར་མང་ཚོགས་མི་ཐེངས་སྟོང་ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད།
སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་བའི་རྨང་གཞིའི་ཐོག ལྷ་ས་གྲོང་ཁྱེར་གྱིས་སྔ་ཕྱི་བར་གསུམ་དུ་མང་ཚོགས་ཀྱི་འགྲན་བསྡུར་གཉེར་ནས་དམངས་ཡོངས་ཀྱི་ལུས་སྦྱོང་གི་སྤྲོ་སྣང་འཕེལ་བར་བྱས་པ་མ་ཟད“འགྲན་བསྡུར་ལས་ལུས་པོར་སྦྱོང་བརྡར་ཐུབ་པའི”རྣམ་པ་ཞིག་ཆགས་པར་བྱས་པ་རེད།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་སྒོར་གཞས་དང་། རྐང་རྩེད་སྤོ་ལོ། ལན་ཆིའུ་སྤོ་ལོ། ཆུ་རྐྱལ། ཕིང་ཕང་སྤོ་ལོ་སོགས་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་དང་། དེ་བཞིན་ལྷ་སའི་ལམ་ཕྱེད་མར་སུན་འགྲན་རྒྱུག་དང་། ལྷ་ས་སྐོར་བའི་རྐང་འཁོར་འགྲན་བསྡུར་ཆེ་མོ། ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་ལྷ་ས་དུམ་བུ་སོགས་སྤུས་རྟགས་འགྲན་བསྡུར་གཉེར་ནས། དམངས་ཡོངས་དེའི་ནང་ཞུགས་པར་སྐུལ་ཁྲིད་བྱས་པ་རེད། རིམ་རྩིས་བརྒྱབ་ན། 2025ལོའི་ཟླ་བ་དང་པོ་ནས་ལྔ་པའི་བར། ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་ཁོ་ནས་འགྲན་བསྡུར་ཆེ་གྲས་སྣ་ཚོགས་ལ་ས་ཆ་མཁོ་འདོན་དང་ཞབས་འདེགས་ཐེངས1077ཞུས་པ་དང་། ལུས་སྦྱོང་བྱེད་མཁན་མང་ཚོགས་མི་ཐེངས་ཁྲི12ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད་པ་རེད།
“རྩྭ་ཐང་སྒོར་གཞས་ནས་དམངས་ཡོངས་ལུས་སྦྱོང”བར་གྱི་འཕོ་འགྱུར་ནི་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། སྤྱི་པའི་ཞབས་ཞུ་འཐུས་སྒོ་ཚང་དུ་སོང་བ། གྲོང་མིའི་འཚོ་བ་སྐྱ་ནམ་རྒྱས་སུ་ཕྱིན་པ་བཅས་ཀྱི་བསྡུས་རིས་ཤིག་ལགས། ས་མཐོའི་གྲོང་ཁྱེར་ལྷ་སས་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བའི་ཉམས་འགྱུར་དང་བཅས་དམངས་ཡོངས་ལུས་སྦྱོང་གི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་མུ་མཐུད་འབད་འཐབ་བྱེད་བཞིན་མཆིས།