བདེ་སྡོད་ཀྱི་ཕུགས་འདུན་མངོན་འགྱུར་བྱུང་བ།
སྤེལ་དུས 2025-07-29
ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།
རྩོམ་པ་པོ།
—— བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་གི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་བའི་སྐོར་བཀོད་པ།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་ཀོ་ལྕག་ཤང་གནས་གྲོང་ཚོའི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ཨར་ལས་བྱ་ཡུལ་དུ་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། ཡུལ་མི་དང་ཨར་པོ་བ་མཉམ་དུ་འཛོམས་ནས་གཅིག་གྱུར་འཆར་འགོད་བྱས་ཏེ་བསྐྲུན་པའི་ཁང་པའི་ཐོག་གསོལ་བཏང་བ་མ་ཟད། ཚང་མས་གཅིག་རྗེས་གཉིས་མཐུད་ངང་ཨར་པོ་བར་ཇ་སྲུབས་མ་དང་མཆོད་ཆང་བཀྱགས་ཏེ་གུས་སེམས་མཚོན་པར་བྱས་ཡོད།
གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་དུ་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་འགག་སྒྲོལ་དམག་འཐབ་ལ་སྐུལ་འདེད་མགྱོགས་པོ་གཏོང་བཞིན་ཡོད་ཅིང་། ས་བབ་སྨི4300ལྷག་ཙམ་ཟིན་པའི་གྲང་ངར་ཆེ་ལ་གསོ་རླུང་དཀོན་པ་དང་ཉི་མ་ཚ་བ་དང་ལྷགས་པ་ཆེ་བའི་ས་ཆར་ཨར་ལས་ཚོགས་པ་ཁག་གིས་ཉིན་མཚན་མེད་པར་འབད་བརྩོན་བྱས་ཏེ། དཀའ་ངལ་མང་པོ་ཁྱད་བསད་བྱས་ནས་ཁང་པ་གསར་རྐྱང་རེ་རེ་བཞིན་བསྐྲུན་པ་རེད། མིག་སྔར། གཏིང་སྐྱེས་རྫོང་གི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། གཅིག་གྱུར་འཆར་འགོད་བྱས་ནས་འཛུགས་སྐྲུན་དང་། གཅིག་གྱུར་འཆར་འགོད་བྱས་ནས་ཁག་བགོས་འཛུགས་སྐྲུན། དེ་བཞིན་ཉམས་གསོ་བརྟན་གཏོང་སོགས་ཀྱི་ལས་དོན་མང་པོ་མཉམ་སྒྲུབ་བྱས་ཏེ་མང་ཚོགས་བདེ་སྡོད་ལས་བརྩོན་ཐུབ་ཆེད་རྨང་གཞི་བརྟན་པོ་བཏིང་བ་རེད།
གསར་འགོད་པས་ཤེས་རྟོགས་བྱས་པ་ལྟར་ན། ཟླ7པའི་ཟླ་སྟོད་བར་གཏིང་སྐྱེས་རྫོང་གི་དུད་ཁྱིམ143གྱི་གཅིག་གྱུར་འཆར་འགོད་བྱས་ནས་བསྐྲུན་པའི་མི་སེར་གྱི་ཁང་པའི་རྩིག་རྨང་འདིང་བའི་ལས་དོན་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་པ་དང་། དུད་ཁྱིམ138ལ་རྨང་གཞིའི་ཨར་འདམ་ལུགས་རྒྱག་བྱས་པ་དེས96.5%བཟུང་ཡོད། གྲུབ་ཆ་གཙོ་བོའི་འཛུགས་སྐྲུན་ཁྱོན་ཡོངས་ནས་སྤེལ་ཏེ་དུད་ཁྱིམ54ཡི་གྲུབ་ཆ་གཙོ་བོའི་ཨར་ལས་བདེ་བླག་ངང་ལེགས་གྲུབ་བྱུང་ཡོད། གཅིག་གྱུར་འཆར་འགོད་བྱས་ནས་ཁག་བགོས་འཛུགས་སྐྲུན་བྱས་པའི་མི་སེར་གྱི་ཁང་པའི་རྩིག་རྨང་བཏིང་ཟིན་པའི་དུད་ཁྱིམ933ཟིན་པ་དང་ལེགས་གྲུབ་བྱེད་ཚད98.73%ཟིན་ཡོད། དུད་ཁྱིམ798ལ་རྨང་གཞིའི་ཨར་འདམ་ལུགས་རྒྱག་བྱས་པ་དེས84.44%ཟིན་པ་དང་། དུད་ཁྱིམ300ལྷག་ཙམ་གྱི་གྲུབ་ཆ་གཙོ་བོ་འཛུགས་སྐྲུན་བྱེད་འགོ་ཚུགས་ཤིང་། མི་སེར་གྱི་ཁང་པ་ཉམས་གསོ་བརྟན་གཏོང་ཁྲོད་རིམ་རྩིས་བརྒྱབ་ན་དུད་ཁྱིམ421ལ་ཨར་ལས་བྱེད་འགོ་བཙུགས་པ་དང་དུད་ཁྱིམ346ལེགས་གྲུབ་ཟིན་ཡོད་པ་རེད།