འདི་ནི་རྫ་ཡུལ་རྫོང་གཤོང་མཇུག་གྲོང་ཚོའི་རྣམ་པ་ཡིན་པ།
འདི་ནི་སྣང་རྫོང་བླ་གདན་ཞོལ་གྲོང་ཚོའི་ཡུལ་མི་བཅོ་ལྔ་མཚོ་མོས་ཐབ་ཚང་གསར་པ་ནས་ཤ་མོག་རླངས་པ་འཚུབ་འཚུབ་སྡེར་མའི་ནང་བླུགས་བཞིན་པ།
ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཚོ་དང་གྲོང་རྡལ་ཁག་ཏུ་སྐྱོད་སྐབས། ཁང་བཟང་གྲལ་སྟར་འགྲིག་ལ་ལྗོན་ཤིང་གཡུ་ལོ་ཐགས་སུ་བཀྲ་བ་དང་། མང་ཚོགས་མང་པོ་གྲོང་མདོའི་ཁང་པའི་མདུན་དུ་ཅི་འཕྲོས་མོལ་འཕྲོས་བྱེད་བཞིན་ཡོད། རྣམ་པ་གསར་རྐྱང་དེ་དག་ལས་མི་རྣམས་ལ“མཛེས་མཐུན་གྲོང་གསེབ”ཅེས་པ་གང་ལ་ཟེར་བ་གསལ་འགྲེལ་བྱེད་པ་ལྟར་སྣང་། འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ནས་ཡུལ་སྲོལ་ཤེས་དཔལ་འཛུགས་སྐྱོང་བར་ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཚོ་དང་གྲོང་རྡལ་ཁག་གི་ཕྱིའི་རྣམ་པ་མཛེས་ཤིང་ལྟ་ན་སྡུག་ལ། འཚོ་སྡོད་བྱེད་མཁན་མང་ཚོགས་ཀྱི་འཚོ་བའང་བདེ་སྐྱིད་ལྡན་པ་ཞིག་ཡོད།
སྣང་རྫོང་བླ་གདན་ཞོལ་གྲོང་ཚོས།
སྡོད་ཁང་བསྐྱར་དུ་བསྐྲུན་ནས་རྣམ་པ་གསར་པ་མངོན་པ།
“མཛེས་མཐུན་གྲོང་གསེབ”འཛུགས་སྐྲུན་བྱེད་པར“མཛེས”དང“མཐུན”གཙོ་བོར་འཛིན་དགོས་ཤིང་། དེ་ནི“མཛེས་སྡུག་ལྡན་པའི་གྲོང་གསེབ”དང“གནས་འཕྲོད་ལས་འཚམ་གྱི་གྲོང་གསེབ”སྔར་བས་རིམ་སྤོར་རྒྱ་སྐྱེད་བཏང་བ་ཞིག་ཡིན། “མཛེས་མཐུན་གྲོང་གསེབ”ཀྱི“མཛེས”ནི་དེང་རབས་ཅན་གྱི་གྲོང་གསེབ་གཏོད་རྒྱུ་གཙོ་བོར་འཛིན་དགོས་པས་བྱེད་ནུས་འཐུས་སྒོ་ཚང་པོ་དགོས་པ་མ་ཟད། ད་དུང་གྲོང་གསེབ་ཀྱི་ཉམས་སྣང་ཡང་རང་སོར་གནས་པར་བྱས་ནས་ཡུལ་མི་ཚོ་འཆམ་མཐུན་དང་ཡུལ་ལྗོངས་མཛེས་སྡུག་ལྡན་པ་ཞིག་ཡོང་བར་བྱེད་དགོས།
སྣང་རྫོང་གྲོང་མདའ་གྲོང་རྡལ་གྱིས་གྲོང་ཚོའི་སྡོད་ཁང་འཛུགས་སྐྲུན་གྱི“འཇུག་སྒོ་ཆུང་ངུ”བརྒྱུད“མཛེས་མཐུན་གྲོང་གསེབ”ཀྱི་རྣམ་པ་གསར་རྐྱང་བཏོད་ཡོད།
བླ་གདན་ཞོལ་གྲོང་ཚོར་བོད་བཟོའི་ཉམས་འགྱུར་གྱིས་ཕྱུག་པའི་སྡོད་ཁང་གསར་པ་སྟར་པ་མང་པོ་གྲལ་སྟར་འགྲིག་པོར་གནས་ཡོད་པ་དང་། ཨར་འདམ་ལམ་གྲོང་ཚོའི་ཁྱིམ་ཚང་ཚང་མའི་སྒོ་འགྲམ་བར་ཤར་གཏོང་ཐུབ་པ། ཁྱིམ་ཚང་ཚང་མའི་ཐོག་ཁར་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་དེ་དགུང་སྔོན་དབྱིངས་ཀྱི་སྤྲིན་དཀར་དང་གཅིག་ལ་གཅིག་བརྒྱན་དུ་གནས་ཡོད།
ཡུལ་མི་བཅོ་ལྔ་མཚོ་མོའི་ཁྱིམ་དུ་སྐྱོད་སྐབས། སྨི་ངོས་གྲུ300ལྷག་ཙམ་ཡོད་པའི་ཁང་པ་གསར་པར་དཀར་ཆ་དོད་པའི་མགྲོན་བསུ་ཚོམས་ཆེན་དང་སྒྲིག་ཆས་ཆ་ཚང་བའི་གསང་སྤྱོད་ཡོད། ཁོང་གིས་ཐབ་ཚང་གསར་པ་ནས་རླངས་པ་འཚུབ་འཚུབ་ཀྱི་ཤ་མོག་སྡེར་མའི་ནང་བླུགས་ཏེ་སྐུ་མགྲོན་ལ་སྣེ་ལེན་བྱེད་བཞིན་ཡོད། ཁང་པ་གསར་པའི་སྐོར་གླེང་སྐབས་བཅོ་ལྔ་མཚོ་མོའི་པཱ་བཀྲ་ཤིས་དངོས་གྲུབ་ལགས་ཀྱིས། “ང་ཚོ2024ལོའི་ལོ་མཇུག་ཏུ་ཁང་པ་གསར་པར་སྤོས་པ་ཡིན། མི་རབས་གསུམ་ཀ་མཉམ་དུ་སྡོད་ཀྱི་ཡོད་པས་ཁྱོན་ནང་མི་བརྒྱད་ཡོད། སྔོན་ཆད་ནང་མི་ཚང་མ་ཁང་མིག་གཉིས་ཀྱི་ནང་འཚང་ཁ་བརྒྱབ་ནས་སྡོད་དགོས་ཀྱི་ཡོད། འོན་ཀྱང་ད་ལྟ་ཚང་མར་རང་ཉིད་ཀྱི་ཉལ་ཁང་རེ་ཡོད་པས་ཧ་ཅང་སྐྱིད་པོ་འདུག”ཅེས་དགའ་ཚོར་ཆེན་པོས་བཤད།
ཉེ་བའི་ལོ་ཤས་རིང་། སྣང་རྫོང་གྲོང་མདའ་གྲོང་རྡལ་གྱིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་ཁྲི3680ལྷག་ཙམ་བཏང་ནས“མཛེས་མཐུན་གྲོང་གསེབ”འཛུགས་སྐྲུན་ལ་སྐུལ་འདེད་བཏང་བས། ཞིང་འབྲོག་མང་ཚོགས་དུད་ཚང275ལ་ཕན་པ་ཐོབ་ཡོད། བླ་གདན་ཞོལ་གྲོང་ཚོ་ཕུད། བྱ་བཤད་གྲོང་ཚོ་དང་བསྟོད་ཤོད་གྲོང་ཚོ་སོགས་ཀྱི་མང་ཚོགས་ཀྱང་སྲོལ་རྒྱུན་གྱི་རྡོ་ཤིང་ཁང་པ་ནས་བོད་བཟོའི་དེང་རབས་ཅན་གྱི་སྡོད་ཁང་གསར་པར་སྤོས་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པར་རོལ་འགོ་ཚུགས་ཡོད།
རྫ་ཡུལ་རྫོང་གཤོང་མཇུག་གྲོང་ཚོས།
སྐྱེ་ཁམས་ལ་སྲུང་སྐྱོང་བྱས་ནས་མཛེས་སྡུག་ལྡན་པའི་ཡུལ་ལུང་བཏོད་པ།
“མཛེས་མཐུན་གྲོང་གསེབ”ཀྱི“མཐུན”ལས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཐུབ་པ་མཚོན་གྱི་ཡོད།
རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་གཤོང་མཇུག་གྲོང་ཚོར་འབྱོར་སྐབས། གནས་དེའི་ནམ་མཁའ་སྔོ་བ་དང་། ས་གཞི་ལྗང་བ། ཆུ་མོ་དྭངས་གཙང་། སྐྱེ་ཁམས་ཡག་པ་བཅས་ཡོད་པས་མི་རྣམས་ལ་ཧ་ཅང་སྐྱིད་སྣང་དོད་པའི་སྣང་བ་ཞིག་སྦྱིན་གྱི་ཡོད། འོན་ཀྱང་སྔོན་ཆད་དེ་གར་གང་སར་དུག་སྦྲང་གིས་ཁེངས་པ་དང་བཙོག་ཆུ་ཐད་འབུད་བྱེད་ཀྱི་ཡོད་པས་ཚང་མས་རྒྱུས་ཡོད་པའི“བཙོག་ཟིང་ཞན་གསུམ”གྱི་གྲོང་ཚོ་ཞིག་རེད།
འགྲོ་བ་དགོན་གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་གིས་བརྟག་ཞིབ་བྱས་པ་བརྒྱུད་མང་ཚོགས་ཀྱི་དགོས་མཁོ་དངོས་ཤེས་རྟོགས་བྱས་རྗེས། ཧྲེན་ཀྲེན་གྲོང་ཁྱེར་གྱི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་ཆུང་གི་སྟོབས་ཤུགས་ལ་བརྟེན་ནས། “མང་ཚོགས་ཀྱིས་རང་གྲབས་དང་སྲིད་གཞུང་གིས་མ་དངུལ་གཏོང་རྒྱུ་ཟུང་དུ་འབྲེལ་བའི”རྣམ་པ་སྤྱད་དེ། བཙོག་ཆུ་གཙང་གསིང་སྒྲིག་ཆས་སྒྱུར་བཀོད་སྒྲིག་སྦྱོར་དང་། གྲོང་ལམ་སྔོ་འགྱུར། གྲོང་ཚོ་ཧྲིལ་པོ་བསྐྱར་སྐྲུན། དེ་བཞིན་ལམ་སྒྲོན་བསྒར་བ་བཅས་ཀྱི་འདུ་འགོད་ལག་ལེན་བསྟར་ནས། གྲོང་ཚོའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་སུ་རྒྱུན་མཐུད་བཏང་བས། སྐྱེ་ཁམས་སྲུང་སྐྱོང་གི་གྲུབ་འབྲས་ཀྱིས་དམངས་འཚོར་ཕན་པ་རྒྱུན་ཆད་མེད་པར་འཐོབ་བཞིན་ཡོད།
སྡོད་མལ་ཁོར་ཡུག་ལེགས་སུ་བཏང་བ་དང་བསྟུན་ནས་མཐའ་འཁོར་གྱི་སྐྱེ་ཁམས་སྲུང་སྐྱོང་ལས་དོན་ལའང་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས“མཛེས”དང“མཐུན”གྱི་རྣམ་པ་གསར་པ་ཞིག་མངོན་བཞིན་མཆིས།
བྲག་ཡིབ་ཆུས་དགུང་ཚང་གྲོང་ཚོས།
ཚན་ཁག་བརྗེ་སྒྱུར་གྱིས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
“མཛེས་མཐུན་གྲོང་གསེབ”ཀྱི“མཐུན”ནང་ད་དུང་མི་དང་མིའི་དབར“འཆམ་མཐུན”བྱེད་དགོས་པ་ཚུད་ཡོད་ལ། གྲོང་གསེབ་ཀྱི་རིག་གནས་ནང་དོན་དང་བསམ་པའི་འཁྱེར་སོར་ཡང་ནན་བཤད་བྱས་ཡོད།
དེ་སྔའི་བྲག་ཡིབ་ཆུས་དགུང་ཚང་གྲོང་ཚོའི་སྐོར་གླེང་ཚེ“སོ་སོའི་ལས་ཀ་སོ་སོས་བྱས་ནས་གྲོང་ཚོའི་ཏང་ཀྲི་པུའི་གོང་བུ་སྒྲིལ་ཤུགས་ཞན་པ་དང་ཚན་ཁག་གི་འཐབ་ནུས་ཞན་པོ་ཡོད”ཅེས་བརྗོད་ཆོག
2022ལོར་དགུང་ཚང་གྲོང་ཚོས་རྒྱུ་རྐྱེན་གཙོ་བོར་དམིགས་ནས་གྲོང་ཚོའི“ཨུ་ལྷན་གསུམ”གྱི་ཚན་ཁག་གསབ་འདེམས་ལས་དོན་བདེ་བླག་ངང་བསྒྲུབས་ཡོད། དེ་རྗེས་གྲོང་ཚོའི་ཏང་ཀྲི་པུའི་སྣེ་ཁྲིད་འོག་ཏང་ཡོན་གྱིས་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་མང་ཚོགས་ཀྱིས་གཞོགས་འདེགས་ཧུར་ཐག་བྱས་པར་བརྟེན་རྙིང་ཆེ་དཀའ་གསུམ་གྱི་གནད་དོན་ཁག་གཅིག་ཐག་གཅོད་ཐུབ་སྟེ། གྲོང་ཚོ་དང་གྲོང་ལྷན་འཕེལ་རྒྱས་ལ་འཕྲད་པའི་འགོག་རྐྱེན་དང་བདེ་འཇགས་བརྟན་ལྷིང་གི་མངོན་མེད་རྐྱེན་ངན་བསལ་བས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ནུས་ལྡན་ཕྱིན་པ་མ་ཟད། གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཀྱི་ཁས་ལེན་དང་ཡིད་ཆེས་ཀྱང་ཐོབ་ཡོད།
“གནས་འཕྲོད་ལས་འཚམ་དང་མཛེས་མཐུན་གསུམ་ལྡན་གྲོང་གསེབ”འཛུགས་སྐྲུན་རྣམ་གྲངས་གཉེར་སྐྱོང་གི་ཕན་འབྲས་དང་ཡིད་དབང་འཕྲོག་ཤུགས་ཆེ་རུ་གཏོང་ཆེད། དགུང་ཚང་གྲོང་ཚོས་རང་བྱུང་སྐྱེ་ཁམས་ཀྱི་ལེགས་ཆར་བརྟེན་ནས་ཏང་ཡོན་མང་ཚོགས་མི་ཐེངས600ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་མཛེས་ལྗོངས་བཟོས་ནས་རྣམ་གྲངས་ཀྱི་ཞབས་ཞུ་ཉམས་ལེན་ཐད་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་འཕེལ་གྱི་ཉམས་བཟང་བསྣན་པ་མ་ཟད། རང་བྱུང་ཁམས་གཞི་རྩར་འཛིན་པ་དང་ལྗང་མདོག་དཔལ་འབྱོར་ཕྱོགས་སྟོན་དུ་བྱས་པའི་སྐྱེ་ཁམས་འཕེལ་རྒྱས་ཀྱི་དཔེ་སྟོན་རྣམ་གྲངས་ཀྱང་ཧུར་ཐག་བཏོད་ཡོད།
རྨང་གཞི་བརྟན་པ་དང་། ཐོན་ལས་དར་བ། རྩ་འཛུགས་སྟོབས་ཆེན། དམངས་འཚོ་ཡར་སྐུལ། བཅོས་སྐྱོང་ཤུགས་ཆེན། ཞི་མཐུན་སྐུལ་འདེད་བཅས་བྱུང་ཞིང་། ད་ཆའི་དགུང་ཚང་གྲོང་ཚོ་ནི་མི་སེམས་དགེ་བརྩོན་དང་ཞི་མཐུན་བདེ་འཇགས་ལྡན་པ་མ་ཟད། སྐྱེ་སྟོབས་ཀྱི་དཔལ་འབར་ནས་མཛེས་སྡུག་ལྡན་པའི་རྣམ་པའང་མངོན་ཡོད།
ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་གསེབ་ཁག་ཏུ་བསྐྱོད་ན། གྲོང་ཚོའི་བཀོད་པ་དང་ཡུལ་མིའི་འཚོ་བར་ཡར་རྒྱས་ཕྱིན་པའི་ཉམས་དགའ་བའི་རྣམ་པ་ཞིག་གསལ་ལེར་མཐོང་ཐུབ་ཅིང་། གྲོང་ཚོ་དང་གྲོང་རྡལ་ཁག་ནས་གནས་འཕྲོད་ལས་འཚམ་ཡོད་པའི“མཛེས་མཐུན་གྲོང་གསེབ”ཀྱི་རྣམ་པ་གསར་པ་ཞིག་མངོན་བཞིན་མཆིས།