ཧྲའན་ཤིས་ཞིང་ཆེན་གྱིས་སྐྲུན་རོགས་བྱས་པའི་མངའ་རིས་ཧྲའན་ཤིས་ཚོད་ལྟའི་སློབ་གྲྭ
རྩྭ་མདའ་རྫོང་གི་དགེ་རྒན་སྤེལ་རེས་ཚོགས་པས་ཧྲི་ཅ་ཀྲོང་གྲོང་ཁྱེར་གྱི་སློབ་འབྲིང61གི་ཏང་ཀྲི་པུའུ་དང་མཉམ་དུ་ཤིས་པེ་ཕོའོ་རུ་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བཞིན་པ།
དམངས་འཚོ་རྩ་བར་བཟུང་ནས་བདེ་སྐྱིད་ཀྱི་ཕུགས་འདུན་སྒྲུབ་པ།
“ས་བབ་མཐོ་དྲགས་པའི་བདེ་ཐང་གི་གནད་དོན་རྩ་བ་ནས་ཁྱད་བསད་བྱེད་མི་ཐུབ་མོད། འོན་ཀྱང་ལས་ཀའི་ཐད་ཐོབ་པའི་གྲུབ་འབྲས་ལས་ངར་བློས་གཏོང་ཚང་མ་བྱེད་རིན་ཡོད་པའི་ཚོར་སྣང་ཡོང་གི་འདུག”ཅེས་པ་དེ་ནི་ཧྲའན་ཤིས་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ལིའུ་ལུང་ཧྭ་ཡི་མྱོང་ཚོར་དངོས་ཡིན་ཞིང་། ཁོང་གིས་བོད་སྐྱོར་དུ་ཐེངས་གཉིས་ཡོང་བ་དང་བྱ་སྤྱོད་དངོས་ལ་བརྟེན་ནས་ལེགས་སྐྱེས་དང་འགན་འཁྲི་ཁུར་སེམས་མཚོན་པར་བྱས་ཡོད།
2016ལོར་ལིའུ་ལུང་ཧྭ་ཡིས་ཧྲའན་ཤིས་ཞིང་ཆེན་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་དོན་ལ་རང་འགུལ་ངང་ཞུགས་ནས་མངའ་རིས་ཧྲའན་ཤིས་ཚོད་ལྟའི་སློབ་གྲྭའི་སློབ་སྤྱིའི་འགན་ཁུར་བ་དང་། 2022ལོར་ཁོང་གིས་སླར་ཡང་རང་འགུལ་ངང་མིང་ཐོ་བཀོད་དེ་ཧྲའན་ཤིས་ཞིང་ཆེན་གྱི་ཁག་བཅུ་པའི་བོད་སྐྱོར་ལས་དོན་ལ་ཞུགས་ཏེ་སྤུ་ཧྲེང་རྫོང་གི་ལོ་དགུའི་རྒྱུན་འཇགས་ལམ་ལུགས་ཀྱི་སློབ་གྲྭའི་སློབ་སྤྱིའི་འགན་ཁུར་བ་རེད།
ལིའུ་ལུང་ཧྭ་ཡི་བོད་སྐྱོར་ལས་དོན་ནི་ཧྲའན་ཤིས་སློབ་གསོའི་བོད་སྐྱོར་ལས་ཀའི་བསྡུས་རིས་ཤིག་རེད། 2022ལོར་ཧྲའན་ཤིས་ཞིང་ཆེན་གྱི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པ་མངའ་རིས་སུ་ཡོང་རྗེས། སློབ་ཞུགས་གོང་གི་སློབ་གསོ་དང་། རྨང་གཞིའི་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ་སོགས་ཀྱི་ཁྱབ་ཁོངས་ཚང་མར་ཚད་བརྒལ་གསར་པ་བྱུང་ཡོད།
སློབ་གསོའི་བོད་སྐྱོར་ཙམ་མ་ཟད། སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་ལའང་གཡུར་དུ་ཟ་བའི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
ཧོ་པེ་ཞིང་ཆེན་གྱི་ཁག་བཅུ་པའི་བོད་སྐྱོར་རུ་མི་དང་མངའ་རིས་ས་ཁུལ་མ་བུ་བདེ་སྲུང་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཁྲེན་ཚེ་ཡིས་ངོ་སྤྲོད་བྱས་དོན། ཉེ་བའི་ལོ་ཤས་རིང་། ཧོ་པེ་ཞིང་ཆེན་གྱིས་སྔ་རྗེས་སུ་བོད་སྐྱོར་མ་དངུལ་སྒོར་ཁྲི1150བཏང་ནས་མངའ་རིས་ས་ཁུལ་མ་བུ་བདེ་སྲུང་སྨན་ཁང་གི་ནད་སྡོད་ཁང་དང་གསོ་རླུང་མཁོ་འདོན་ལྟེ་གནས་སོགས་བསྐྲུན་པ་དང་། ཆེད་ལས་ཀྱི་ནད་བརྟག་སྨན་བཅོས་ཀྱི་སྒྲིག་ཆས་སྒྲིག་སྦྱོར་བྱས་ནས་མངའ་རིས་ས་ཁུལ་མ་བུ་བདེ་སྲུང་སྨན་ཁང་གི་མཁྲེགས་ཆས་ལེགས་སུ་བཏང་ཡོད།
གཞན་ཡང་། ཧོ་པེ་ཞིང་ཆེན་གྱི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པའི་རོགས་རམ་འོག མངའ་རིས་ས་ཁུལ་མ་བུ་བདེ་སྲུང་སྨན་ཁང་གི་སྨན་བཅོས་ཞབས་ཞུའི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། སྒོ་བསྟེན་སྨན་ཁང་གིས་སྦྲུམ་མ་དང་ཕྲུ་གུ་དམར་འབྱར་ལ་ཆེད་དམིགས་ཡིག་ཚགས་བཟོས་ནས་དོ་དམ་བྱས་ཏེ། སྦྲུམ་མའི་སློབ་ཚན་དང་འོད་སྔོན་སྨན་བཅོས་སོགས་ཁྱད་ལྡན་གྱི་ཞབས་འདེགས་ཞུ་བཞིན་ཡོད།
ལོ་གསུམ་རིང་། མངའ་རིས་ཀྱིས་ལས་སྒོའི་རྐང་འཛིན་པ36ཧོ་པེ་ཞིང་ཆེན་ཀ་པ་རིམ་གསུམ་པའི་སྨན་ཁང་དུ་ལས་ཐོག་ཟབ་སྦྱོང་ལ་མངགས་པ་དང་། ཧོ་པེ་ཞིང་ཆེན་གྱིས་མངའ་རིས་ས་ཁུལ་གྱི་རྫོང7གྱི་སྨན་ཁང་དང་ས་ཁུལ་ཐད་གཏོགས་སྨན་ཁང་གི་བུད་མེད་དང་བུ་བཙའི་ཚན་ཁག་དང་བྱིས་ནད་ཚན་ཁག་གི་སྨན་དོན་པར་ཕྱོགས་ནས་སྨན་བཅོས་འཕྲོད་བསྟེན་ལས་སྒོའི་དྲ་ཐོག་གསོ་སྦྱོང་དང་སྤེལ་རེས་ཐེངས20བྱས་པ། ཧོ་པེ་ཞིང་ཆེན་གྱི་རིགས་གཅིག་མཁས་ཅན་གྲགས་ཅན་སློབ་ཁྲིད་བྱེད་པར་གདན་དྲངས་ནས་བསྡོམས་མི་ཐེངས500ལྷག་ཙམ་ལ་གསོ་སྦྱོང་བྱས་པ། ཀྲང་ཅ་ཁོའུ་དང་པའོ་ཏིང་གྲོང་ཁྱེར་མ་བུ་བདེ་སྲུང་སྨན་ཁང་དང་པའོ་ཏིང་གྲོང་ཁྱེར་བྱིས་པའི་སྨན་ཁང་བཅས་ཀྱིས་མངའ་རིས་ས་ཁུལ་མ་བུ་བདེ་སྲུང་སྨན་ཁང་ལ་ལག་རྩལ་མཛུབ་ཁྲིད་དང་ཁ་གཏད་རོགས་སྐྱོར་སྒྲིག་འཛུགས་དང་མཐུན་སྦྱོར་བྱས་ཡོད།
སློབ་གསོ་དང་སྨན་བཅོས་སོགས་རྨང་གཞིའི་དམངས་འཚོར་ཞབས་འདེགས་ཡག་པོ་ཞུས་པ་དང་དུས་མཚུངས་ཧྲའན་ཤིས་དང་ཧོ་པེ་ཞིང་ཆེན་གཉིས་ཀྱིས་བོད་སྐྱོར་ལས་དོན་གྱི་དོན་དངོས་ལ་གཞིགས་ནས་ནུས་རྒྱུ་མཁོ་སྤྲོད་འགན་ལེན་དང་། ལས་ཞུགས་ཞབས་ཞུ། རྨང་གཞིའི་སྒྲིག་བཀོད་སོགས་ཕྱོགས་མང་པོའི་ཐད་གནད་སྨིན་ཇུས་བསྟར་བྱས་ནས་མངའ་རིས་ཀྱི་དམངས་འཚོའི་བདེ་རྩ་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་བ་སྟེ། ཧྲའན་ཤིས་ཞིང་ཆེན་གྱིས་ཧྲའན་ཤིས་རྡོ་སོལ་ཚོགས་པ་དང་མཐུན་སྦྱོར་བྱས་ཏེ་མེ་འཁོར་ཐེངས16བཏང་ནས་མངའ་རིས་སུ་རྡོ་སོལ་སྤུས་ལེགས་ཏུན་ཁྲི4.2དབོར་ཏེ་མི་རིགས་ཁག་གི་མང་ཚོགས་དྲོ་སོབ་སོབ་ཀྱི་དགུན་ཁ་སྐྱེལ་ཐུབ་པར་འགན་ལེན་བྱས་ཡོད། ལས་གནས་རྒྱ་སྐྱེད་གཏོང་རྒྱུར་མཐུན་སྦྱོར་ཧུར་ཐག་བྱས་ནས་ལས་གནས་སྣ་ཚོགས3000ལྷག་ཙམ་མཁོ་འདོན་བྱས་པ་དང་། བོད་ཀྱི་སློབ་གྲྭ་ཆེ་མོ་བ64ཧྲའན་ཤིས་སུ་ལས་ཞུགས་བྱེད་པར་རོགས་རམ་བྱས་པ། མི་ཐེངས200ལྷག་ཙམ་ལྗོངས་ཕྱིར་ལས་ཞུགས་ལས་གཏོད་བྱེད་རོགས་བྱས་ཡོད། ཧོ་པེ་ཞིང་ཆེན་གྱིས་སྒོར་དུང་ཕྱུར0.18བཏང་སྟེ་རུ་ཐོག་རྫོང་གྲོང་ལ་ཆུ་ཀ་ལ་བཟོ་གྲྭ་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་ནས་རུ་ཐོག་རྫོང་གྲོང་གི་མང་ཚོགས་ཀྱི“འཐུང་ཆུ་དཀོན་པའི”གནད་དོན་ཐག་གཅོད་བྱས་པ་དང་། བོད་སྐྱོར་མ་དངུལ་སྒོར་ཁྲི300དང་ས་ཁུལ་ནོར་སྲིད་ཀྱིས་ལྷན་སྦྱར་མ་དངུལ་སྒོར་ཁྲི625བཀོད་སྒྲིག་བྱས་ཏེ། མངའ་རིས་ས་ཁུལ་ལ་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར12བཀོད་སྒྲིག་བྱས་ནས་མང་ཚོགས་འགྲོ་སྐྱོད་ལ་སྟབས་བདེ་བསྐྲུན་པ་རེད།