ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་བ་དང་པོ་ནས་དྲུག་པའི་བར་བོད་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི3128.48ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས11.67%འཕར་ནས་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་སྒོར་དུང་ཕྱུར315.52ཟིན་པ་དེ་དུས་མཚུངས་ལས10.18%འཕར་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་ལོ་སྟོད་དུ་བོད་ལྗོངས་ཀྱི་རིག་གནས་དང་ཡུལ་སྐོར་ཁོངས་གཏོགས་ཀྱིས་གཙོ་གནད་ལས་འགན་ལ་དམ་པོར་དམིགས་ནས། ཁྱད་ལྡན་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་སྐྱེད་སྲིང་འདུ་འགོད་ལག་ལེན་གཏིང་ཟབ་བསྟར་བ་དང་། ལོ་སྟོད་དུ་ལྗོངས་ཡོངས་ཀྱི་རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར77.24ཟིན་པ་དེ་དུས་མཚུངས་ལས21.2%འཕར་ཡོད།
ལྗོངས་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་ཚོང་འགུགས་མ་འདྲེན་རྣམ་གྲངས་སྤུས་ལེགས་ཁག95འཚོལ་བསྡུ་བྱས་ནས་མ་དངུལ་སྒོར་དུང་ཕྱུར200ཙམ་བསྡུ་སྒྲིལ་བྱས་ཡོད།
རིག་གནས་དང་ཡུལ་སྐོར་གྱི་འཛད་སྤྱོད་གསོན་ཤུགས་སྔར་བས་འཕེལ་ཆེད། བོད་ལྗོངས་ཀྱིས“གཞི་རྩའི་ཁ་གསབ་དང་འཕར་ཚད་ལ་སྐུལ་ལྕག་གཏོང་རྒྱུ་ཟུང་འབྲེལ”གྱི་སྲིད་ཇུས་མ་ལག་བཟོས་ནས་རིག་གནས་དང་ཡུལ་སྐོར་གྱི་འཛད་སྤྱོད་འཛིན་ཤོག་བཏོན་ཡོད།
ཕྱི་ཕྱོགས་སྤེལ་རེས་ཐད། བོད་ལྗོངས་ཀྱིས་ཀོང་ཀྲོའུ་དང་། སི་ཁྲོན། ནུབ་རྒྱུད་རྒྱལ་སྤྱིའི་རིག་གནས་དང་ཡུལ་སྐོར་ཐོན་ལས་འགྲེམས་ཚོགས་ནང་ཞུགས་པར་སྒྲིག་འཛུགས་བྱས་ཏེ་རིག་གནས་བསམ་བཀོད་ཐོན་རྫས་སྣ་ཚོགས་དང་། མངོན་མིན་རིག་གནས་ཤུལ་བཞག་རྩེ་གྲ་དང་ཡུལ་སྐོར་ཚོང་ཟོག2000ལྷག་ཙམ་འགྲེམས་སྟོན་བྱས་ཡོད་པ་རེད།
ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་ཆབས་ཅིག བོད་ལྗོངས་ཀྱིས་རིག་གནས་བདེ་འཇགས་དང་ཁྲོམ་རའི་སྒྲིམ་ལམ་ལ་སྲུང་སྐྱོང་བྱ་རྒྱུ་དེ་གནས་བབ་གལ་ཆེན་ཐོག་བཞག་པ་དང་རིག་གནས་བདེ་འཇགས་ཀྱི་འདུ་འགོད་ལག་ལེན་གཏིང་ཟབ་བསྟར་ནས། 《2025ལོའི་ལྗོངས་ཡོངས་ཀྱི་ཡུལ་སྐོར་ལས་རིགས་ཀྱི“ཡུལ་སྐོར་སྣེ་ཤན་པ་ཟང་ཟིང་དང་འཛད་སྤྱོད་ལ་བཙན་སྐུལ་བྱེད་པ”སོགས་ཀྱི་གནད་དོན་ལ་བཅོས་སྒྲིག་བྱེད་པའི་ལས་དོན་གྱི་ཇུས་གཞི》བཀྲམ་པ་མ་ཟད། 2025ལོའི་ལྗོངས་ཡོངས་ཀྱི་འཁྲབ་སྟོན་སྒྱུ་རྩལ་ཁྲོམ་རའི་གཉེར་སྐྱོང་བདག་པོའི་གསོ་སྦྱོང་འཛིན་གྲྭ་སོགས་ཀྱང་གཉེར་ཡོད།