ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

མཐོ་རྒྱུགས་ལེགས་སྒྲིག་ནི་བོད་ཡིག་སློབ་ཚན་མེད་པར་བཟོས་པ་ཞིག་མིན།

སྤེལ་དུས 2025-08-07 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
             ཟླ8པའི་ཚེས5ཉིན་གྱི་སྔ་དྲོར། “བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ60ཡི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས”བརྗོད་དོན་གཙོ་བོར་བྱས་པའི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་གསར་འགྱུར་ཡོངས་བསྒྲགས་ཚོམས་ཆེན་དུ་འཚོགས་པ་རེད། 
             ཡོངས་བསྒྲགས་ཚོགས་འདུའི་སྨྱན་སྦྱོར་གྱི་གསར་འགོད་པའི་དྲི་བར་ལན་རྒྱག་པའི་མཚམས་སུ། བོད་ལྗོངས་སུ་བོད་སྐད་ཡིག་དེ་མཐོ་རྒྱུགས་ཀྱི་སློབ་ཚན་ཁོངས་ནས་བཏོན་པ་དང་སློབ་གྲྭས་ཀྱང་བོད་སྐད་ཡིག་སློབ་ཚན་དེ་སློབ་ཚན་གཙོ་བོར་མི་བརྩི་བའི་གནས་ཚུལ་སྤེལ་བར་དམིགས་ནས། ཨའོ་མོན་ཟླ་རེའི་དུས་དེབ་ཀྱི་གསར་འགོད་པས་དྲི་བ་བཏོན་པར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ལན་བསྐྱོན་གནང་བ་སྟེ། བོད་ལྗོངས་ཀྱིས2024ལོར་མཐོ་རྒྱུགས་ལ་ཕྱོགས་ཡོངས་ནས་སྒྱུར་བཅོས་དངོས་སུ་བྱེད་འགོ་བཙུགས་པའི་དམིགས་ཡུལ་ནི“སྐར་གྲངས་གཙོ་བོར་སྨྲ་བ”དང“སློབ་རིམ་འཕར་བ་གཙོ་བོར་སྨྲ་བ”མེད་པ་བཟོས་ནས། སློབ་གསོ་དྲང་གཞག་དང་སློབ་མ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་རེད། སྒྱུར་བཅོས་བྱེད་པ་དེ་ནི་བོད་སྐད་ཡིག་གི་སློབ་ཚན་མེད་པར་བཟོས་པ་གཏན་ནས་མ་རེད། རྨང་གཞིའི་སློབ་གསོའི་ཁྲོད་ཀྱི་བོད་སྐད་ཡིག་གི་གནས་བབ་དང་སློབ་ཁྲིད་ཀྱི་བླང་བྱར་འགན་ལེན་གང་ལེགས་ཐུབ་རྒྱུ་རེད།
             ཀརྨ་ཚེ་བརྟན་གྱིས་གསུངས་དོན། མཐོ་སློབ་དཀྱུས་མའི་བོད་སྐད་ཡིག་གི་སློབ་ཁྲིད་ཀྱི་ཆེད་ལས་གཙོ་བོ་ནི་བོད་སྐད་ཡིག་རྩོམ་རིག་དང་བོད་ཀྱི་གསོ་བ་རིག་པ་ཡིན་ཞིང་། དེར་བསྡུ་བྱའི་སློབ་མའི་གྲངས་འབོར་བལྟོས་བཅས་ཀྱིས་ཚད་ཡོད་པ་དང་། སློབ་རིམ་འཕར་ཚད་བལྟོས་བཅས་ཀྱིས་ཉུང་བ། རིག་ཚན་ཆེད་ལས་ཀྱི་བཀག་རྒྱ་ཆེ་བ། ལས་ཞུགས་ཁྱབ་ཁོངས་ཆུང་བ་སོགས་ཀྱི་གནད་དོན་ཡོད། འབྲེལ་ཡོད་སྲིད་ཇུས་ལེགས་སྒྲིག་བྱས་རྗེས། བོད་ལྗོངས་འདི་ཉིད་ཞིང་ཆེན་དང་རང་སྐྱོང་ལྗོངས་གཞན་དག་དང་འདྲ་བར“རྒྱུགས་ཤོག་གཅིག་གིས་རྒྱུགས་ལེན་པ”ལག་བསྟར་ཐུབ་ཅིང་། གཅིག་གྱུར་རྒྱུགས་ལེན་གྱི་སློབ་ཚན་ནི་རྒྱ་ཡིག་དང་། རྩིས་རིག ཕྱི་སྐད་བཅས་ཡིན་པ་དང་། དེའི་ནང་ཕྱི་སྐད་ཀྱི་ཁོངས་སུ་དབྱིན་ཡིག་དང་། ཨུ་རུ་སུའི་སྐད་ཡིག རི་པིན་གྱི་སྐད་ཡིག ཧྥ་རན་སིའི་སྐད་ཡིག འཇར་མན་གྱི་སྐད་ཡིག སི་ཕེན་གྱི་སྐད་ཡིག་བཅས་ཚུད་ཡོད། གདམ་གསེས་རང་བཞིན་གྱི་རྒྱུགས་ལེན་གྱི་སློབ་ཚན་ནང་བསམ་བློ་ཆབ་སྲིད་དང་། ལོ་རྒྱུས། ས་ཁམས། དངོས་ཁམས། རྫས་འགྱུར། སྐྱེ་དངོས་བཅས་ཚུད་ཡོད། བོད་ལྗོངས་ཀྱི་རྒྱུགས་སྤྲོད་སློབ་མས་སྔར་བཞིན་མཐོ་སློབ་དཀྱུས་མའི་བོད་སྐད་ཡིག་གི་ཆེད་ལས་སུ་རྒྱུགས་སྤྲོད་ཆོག་པ་དང་། བོད་རང་སྐྱོང་ལྗོངས་ཀྱིས་གཅིག་གྱུར་ཐོག་བོད་སྐད་ཡིག་གི་ཡིག་རྒྱུགས་སྒྲིག་འཛུགས་བྱེད་ཀྱི་ཡོད་པ་དང་ཡིག་རྒྱུགས་ལོན་ཚེ་མིང་ཐོ་འགོད་ཆོག་གི་ཡོད། དེས་མི་རིགས་ཁག་གི་སློབ་མར་སྔར་ལས་དྲང་གཞག་དང་སྤུས་ཚད་མཐོ་བའི་སློབ་གསོ་དང་ལེན་དང་། གྲངས་ཉུང་མི་རིགས་ཀྱི་ཤེས་བྱ་སྦྱོང་བའི་ནུས་པ་ཆེ་རུ་ཕྱིན་ནས་ཚན་རིག་དང་རིག་གནས་ཀྱི་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བར་ཕན་ཐོགས་ཡོད་པས། སློབ་མ་འཇོན་ཐང་ཅན་ལ་འགྱུར་བར་གོ་སྐབས་དེ་བས་མང་བ་མཁོ་འདོན་དང་། སློབ་མ་མཐོ་རིམ་སློབ་གླིང་དང་སློབ་གྲྭར་སློབ་སྦྱོང་བྱེད་པར་གདམ་ག་དེ་བས་མང་བ་སྤྲད་ཡོད། 
             ཀརྨ་ཚེ་བརྟན་གྱིས་གསུངས་དོན། བོད་ལྗོངས་ཀྱི་མཐོ་རྒྱུགས་ཀྱི་སློབ་ཚན་ལེགས་སྒྲིག་བྱེད་པ་ནི་བོད་སྐད་ཡིག་གི་སློབ་ཚན་མེད་པ་བཟོ་བ་མིན། བོད་སྐད་ཡིག་ནི་སྔར་བཞིན་བོད་ལྗོངས་དང་བོད་འབྲེལ་ཁུལ་རྫོང་གཞན་དག་གི་སློབ་གྲྭ་འབྲིང་ཆུང་གི་སློབ་ཚན་ཡིན་པ་དང་། རྨང་གཞིའི་སློབ་གསོའི་དུས་མཚམས་ཀྱི་བོད་སྐད་ཡིག་གི་སློབ་ཚན་བཀོད་སྒྲིག་ལ་འགྱུར་བ་ཕྱིན་མེད་ལ་སློབ་ཚན་ཡང་ཉུང་དུ་ཕྱིན་མེད། སློབ་ཁྲིད་ཀྱི་ཇུས་གཞི་ལག་བསྟར་དང་། ཚད་ལྡན་སློབ་ཁྲིད་ལག་བསྟར། སློབ་ཁྲིད་བྱེད་སྟངས་ལེགས་སུ་གཏོང་བ་སོགས་ཀྱི་ཐད་བོད་སྐད་ཡིག་ལ་སློབ་ཚན་གཞན་དག་དང་འདྲ་བར་བླང་བྱ་ནན་པོ་ཡོད་པ་མ་ཟད། དམའ་འབྲིང་དང་མཐོ་འབྲིང་གི་སྦྱངས་འབྲས་ཆུ་ཚད་ཀྱི་རྒྱུགས་ལེན་ནང་བཅུག་ཡོད། བོད་རང་སྐྱོང་ལྗོངས་དང་བོད་འབྲེལ་ཁུལ་རྫོང་གཞན་དག་གི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་ཚང་མར་བོད་སྐད་ཡིག་གི་དགེ་རྒན་འདང་ངེས་ཡོད་ཅིང་། མིག་སྔར། ལྗོངས་ཡོངས་སུ་སྐད་གཉིས་དགེ་རྒན་ཁྲི3ལས་བརྒལ་ཡོད་པ་དང་ཆེད་མངགས་བོད་སྐད་ཡིག་གི་སློབ་ཚན་འཁྲིད་མཁན2018ལོའི་དགེ་རྒན5800ནས8300ཙམ་མང་དུ་ཕྱིན་ཡོད། མཚོ་སྔོན་དགེ་འོས་སློབ་ཆེན་སོགས་དགེ་འོས་རིགས་ཀྱི་མཐོ་སློབ་དང་། ཀྲུང་དབྱང་མི་རིགས་སློབ་ཆེན། བོད་ལྗོངས་སློབ་ཆེན་སོགས་དགེ་འོས་རིགས་མིན་པའི་མཐོ་སློབ་ཚང་མར་བོད་སྐད་ཡིག་གི་ཆེད་ལས་ཡོད་པ་དང་ལོ་ལྟར་བོད་སྐད་ཡིག་ཆེད་ལས་ཀྱི་སློབ་ཐོན་སློབ་མ་ངེས་ཅན་ཞིག་དགེ་རྒན་དཔུང་ཁག་ནང་ཞུགས་ཀྱི་ཡོད།