དིང་རིའི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བརྟན་པོ་གཏོང་བ།
སྤེལ་དུས 2025-08-07
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
གསར་འགོད་པར་གཞིས་རྩེ་གྲོང་ཁྱེར་གེགས་རྗེས་བསྐྱར་སྐྲུན་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ8པའི་ཚེས2ཉིན་བར། དིང་རིའི་ས་ཡོམ་རིམ་པ6.8ཀྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་གཅིག་གྱུར་འཆར་འགོད་དང་འཛུགས་སྐྲུན་བྱས་པའི་མང་ཚོགས་ཀྱི་སྡོད་ཁང་གི་རྨང་གཞིའི་ཨར་འདམ་གྱི་ལུགས་རྒྱག་པའི་ལས་ཀ་ཚང་མ་ལེགས་གྲུབ་ཟིན་པ་དང་། དུད་ཚང3099ཡི་ཁང་པའི་གྲུབ་ཆ་གཙོ་བོ་ལེགས་གྲུབ་བྱུང་སྟེ་ལེགས་གྲུབ་བྱུང་ཚད97%ཙམ་ཟིན་ཡོད། གཅིག་གྱུར་འཆར་འགོད་དང་འཛུགས་སྐྲུན་བྱས་པའི་མང་ཚོགས་ཀྱི་སྡོད་ཁང་གི་རྨང་གཞིའི་ཨར་འདམ་གྱི་ལུགས་རྒྱག་པའི་ལས་ཀ་ལེགས་གྲུབ་ཐུབ་ཚད99%ཙམ་ཟིན་པ་དང་། དུད་ཚང10725ཡི་ཁང་པའི་གྲུབ་ཆ་གཙོ་བོ་ལེགས་གྲུབ་བྱུང་ནས་ལེགས་གྲུབ་བྱུང་ཚད60%ཙམ་ཟིན་པ། ཉམས་བཟོ་དང་བརྟན་དུ་གཏོང་རྒྱུའི་ཁང་པར་ཚད་འཇལ་དང“དུད་ཚང་རེར་ཇུས་འགོད་རེའི”ལས་ཀ་ཚང་མ་ལེགས་གྲུབ་ཟིན་པ། དུད་ཚང5311ཉམས་བཟོ་དང་བརྟན་དུ་བཏང་ཟིན་ནས་ལེགས་གྲུབ་བྱུང་ཚད48%ཙམ་ཟིན་ཏེ། གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བརྟན་པོ་བཏང་ཡོད།
གཞིས་རྩེ་གྲོང་ཁྱེར་གྱིས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་བྱ་རྒྱུ་དེ་ད་ལོའི་ལས་འགན་གཙོ་བོ་ཞིག་ཏུ་བརྩིས་ཏེ། གནས་ཚུལ་ཤེས་རྟོགས་ཐུབ་པར་ལྟ་སྐུལ་མཛུབ་ཁྲིད་དང་། བཀོད་འདོམས་པུའུ་ཡི་གཞུང་དོན་ཁང་གིས་ཕྱོགས་བསྡུས་དབྱེ་ཞིབ་བྱེད་པ། འཛུགས་སྐྲུན་གཙོ་བོ་དང་། སྤུས་ཚད་ལྟ་སྐུལ། མ་དངུལ་དོ་དམ། ལས་མི་འགན་ལེན། ཨར་ལས་རྒྱུ་ཆ་བཀོད་སྒྲིག་སོགས་ཀྱི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས་པ་རེད། བརྒྱུད་རིམ་ཧྲིལ་པོའི་སྤུས་ཚད་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་དམ་འཛིན་བྱེད་པ་དང་། བརྒྱུད་རིམ་ཧྲིལ་པོའི་སྤུས་ཚད་དོ་དམ་གྱི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ། ཨར་ལས་རྒྱུ་ཆའི་སྤུས་ཚད་བདེ་འཇགས་ལ་རྗེས་འདེད་ལམ་སྲོལ་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བ། མང་ཚོགས་ཀྱི་སྡོད་ཁང་བསྐྱར་སྐྲུན་གྱི“དུད་ཚང་རེར་ཡིག་ཚགས་རེའི”དོ་དམ་ལམ་ལུགས་འཛུགས་པ། ཕྱོགས་གསུམ་པའི་སྒྲིག་གཞི་གདན་དྲངས་ནས་རྣམ་གྲངས་ཀྱི་སྤུས་ཚད་བདེ་འཇགས་ལ་རམ་འདེགས་སྐོར་ཞིབ་ཀྱི་ཞབས་ཞུ་སྒྲུབ་པ་བཅས་བྱས་སྟབས། ལྷ་རྩེ་རྫོང་གི་སྐོར་ཞིབ་ལས་དོན་ལེགས་གྲུབ་ཟིན་པ་དང་དིང་རི་དང་ངམ་རིང་རྫོང་གཉིས་ལ་སྐོར་ཞིབ་བྱེད་བཞིན་ཡོད།
ལས་མི་སྤྱོད་པའི་དགོས་མཁོ་དང་། ཨར་ལས་རྒྱུ་ཆ་གྲ་སྒྲིག མ་དངུལ་གཏོང་སྒོ་འགན་སྲུང་བཅས་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་འཛུགས་སྐྲུན་ནང་ཞུགས་པའི་ཁེ་ལས་དང་ལས་མི་འགན་སྲུང་གི་ལས་དོན་འཆར་ཅན་གྱིས་འབྲེལ་གཏུག་བྱས་ཏེ། སྔོན་ཚུད་ནས་ཨར་ལས་རྒྱུ་ཆ་མཁོ་སྤྲོད་ཀྱི་འཆར་གཞི་འདིང་རྒྱུར་རྒྱུན་མཐུད་དམ་འཛིན་བྱེད་པ་དང་མ་དངུལ་སྤྱོད་པའི་སྡེ་ཚན་ལ་མ་དངུལ་ལག་བསྟར་བྱེད་པའི་མྱུར་ཚད་མགྱོགས་སུ་གཏོང་བར་སྐུལ་འདེད་བཏང་བས་རིམ་རྩིས་བརྒྱབ་ན་མིག་སྔར་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་མ་དངུལ་སྒོར་དུང་ཕྱུར80.09དམིགས་སར་འབྱོར་ནས་སྒོར་དུང་ཕྱུར41.3འགྲོ་གྲོན་བཏང་ཟིན་ཡོད།
དེ་དང་ཆབས་ཅིག གཞིས་རྩེ་གྲོང་ཁྱེར་གྱིས་ཕྱོགས་ཡོངས་ཀྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་བདེ་འཇགས་འགན་སྲུང་བྱེད་པ་དང་ས་གནས་ས་ཐོག་གི་བདེ་འཇགས་དོ་དམ་བྱེད་ཐབས་དང་བདེ་འཇགས་འགོག་སྲུང་བྱེད་ཐབས་ཞིབ་ཕྲ་དོན་འཁྱོལ་བྱས་ཏེ་ས་ཁོངས་ཀྱི་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་ལ་ལེབ་བཤེར་བྱས་ཐོག་དིང་རི་དང་། ལྷ་རྩེ། གཏིང་སྐྱེས། ས་སྐྱ་བཅས་རྫོང་བཞིའི་འདམ་རྡོའི་ཆུ་རུད་དང་རི་ཉིལ་བའི་མངོན་མེད་རྐྱེན་ངན་གཙོ་གནད་ཐོག་བཅོས་སྐྱོང་བྱས་པ་དང་། ས་ཡོམ་ལས་ཐོན་པའི་ས་གཤིས་གནོད་འཚེའི་ཉེན་ཁ་སྤྱི་ཡོངས་ནས་ཚོད་འཛིན་ཐུབ་པ་རེད། འཁོར་སྦྲེལ་ཧྲིལ་པོའི་ལྟ་སྐུལ་དང་སྤྱོད་གཙང་སྲུང་ཤུགས་ཆེ་རུ་བཏང་ནས་སྒྲིག་བཤེར་ལྟ་སྐུལ་དང་། རྩིས་བཤེར་ལྟ་སྐུལ། ནོར་སྲིད་ལྟ་སྐུལ་བཅས་ལ་ཐོག་མཐའ་བར་གསུམ་དུ་སྐུལ་འདེད་གཏོང་བ་དང་། རྣམ་གྲངས་མ་དངུལ་ཚད་ལྡན་དོ་དམ་བྱེད་པར་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ། སྒྲིག་སྲོལ་དང་འགལ་ནས་སྲིད་ཇུས་གཟིགས་སྐྱོང་དང་ནོར་སྲིད་མ་དངུལ་ཁ་གསབ་སྤྲོད་པ་དང་། ཕན་འབྲས་དམའ་བའི་ཐོན་སྐྱེད་དང་། ཕན་འབྲས་མེད་པའི་གཏོང་སྒོ། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བ་སོགས་ཀྱི་བྱེད་སྤྱོད་ཞིབ་བཤེར་ནན་པོ་བྱས་ཏེ། མ་དངུལ་སྐར་ལི་གཅིག་ཀྱང་མ་ལུས་པ་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་ལ་སྤྱོད་རྒྱུའི་འགན་ལེན་མཐའ་གཅིག་ཏུ་བྱས་ཡོད།