--སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་ཁྲིད་སྟོན་གནང་བ།
སྟོན་ཟླ་བརྒྱད་པའི་བོད་ལྗོངས་སུ་ལོ་ཏོག་རིམ་བཞིན་སྨིན་པ་དང་ནོར་ལུག་ཤ་ཤེད་རྒྱས་པའི་སྒང་ཡིན། ཇོ་མོ་གླང་མ་མཐོ་ཞིང་བརྗིད་ཉམས་ལྡན་པ་དང་ཡར་ཀླུང་གཙང་པོ་བར་མེད་དྲག་ཏུ་རྒྱུག་པ་ལས་གངས་ལྗོངས་ས་མཐོའི་འཕོ་འགྱུར་ཆེན་པོ་མངོན།
བོད་ལྗོངས་ནི་རང་རྒྱལ་གྱི་རྒྱལ་ཁབ་བདེ་འཇགས་ཀྱི་སྲུང་བཅད་དང་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་གལ་ཆེན་ཞིག་ཡིན་པས། ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་ཡོངས་ཁྲོད་དུ་གནས་བབ་གལ་ཆེན་བཟུང་ཡོད། 1965ལོར་བོད་རང་སྐྱོང་ལྗོངས་དངོས་སུ་དབུ་བརྙེས་པ་དང་བོད་ཀྱི་ལོ་རྒྱུས་ཀྱི་ཤོག་ལྷེ་གསར་རྐྱང་ཞིག་ཕྱེ་ཡོད།
རབ་བྱུང་གཅིག་རིང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ཞིང་། ལོ་ངོ་60ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག བོད་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་བྱུང་ནས་ཉམས་པ་མེད་པའི་མི་ཡུལ་གྱི་ངོ་མཚར་བཏོད་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་འཁུར་ཆེན་པོ་གནང་ནས་ཁོང་སྐུ་ངོ་མས་དུས་རབས་གསར་པའི་བོད་ཀྱི་ལས་དོན་ལ་འཐབ་འགོད་ཇུས་འདོན་གནང་ཐོག་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པ་དངོས་སུ་འཆར་འགོད་དང་བཀོད་སྒྲིག་གནང་བ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་བཅས་གནང་སྟེ། དུས་རབས་གསར་པའི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཐོག་བོད་ཀྱི་བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་ཁྲིད་སྟོན་གནང་ཡོད།
མཐོ་གཟིགས་འོག་བསྐྱངས་ཀྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཁ་གསལ་བཏོན་གནང་བ།
“དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ནི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་ཞིག་ཡིན་པས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་དང་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས”
“སྤྱི་ཁྱབ་ཧྲུའུ་ཅིས་འཕྲིན་ལན་སྤྲིངས་འདུག”ད་ལོའི་དབྱར་ཁར་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོར་དགའ་སྤྲོའི་རྣམ་པས་ཁེངས། “ཉེ་བའི་ལོ་ཤས་རིང་། གྲོང་ཚོར་སླར་ཡང་འགྱུར་ལྡོག་གསར་པ་བྱུང་བ་དང་ཡུལ་མི་ཚོའི་ཡོང་འབབ་མང་དུ་སོང་བ་ཤེས་སྐབས། ང་ཧ་ཅང་དགའ་པོ་བྱུང”ཞེས་དང“མི་རིགས་མཐུན་སྒྲིལ་སྲུང་སྐྱོང་ཏན་ཏིག་བྱས་ནས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀ་ལ་གྲོང་ཚོའི་ཡུལ་མི་ཡོངས་ལ་སྤྲིངས་པའི་འཕྲིན་ལན་ནང་ཁོང་ཚོར་སྐུལ་ལྕག་གནང་ཡོད།
ཀ་ལ་གྲོང་ཚོར“ཁམ་བུའི་མེ་ཏོག་གྲོང་ཚོ”ཞེས་ཀྱང་འབོད་པ་དང་རི་ཀླུང་གང་སར་ཁམ་བུའི་མེ་ཏོག་གིས་ཁེངས་པས་སྐད་གྲགས་ཆོད་ཅིང་། 2021ལོའི་ཟླ་བདུན་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས་ཀ་ལ་གྲོང་ཚོར་འཚམས་འདྲི་གནང་མྱོང་ཞིང་། གཙང་སྦྲ་དོད་ལ་རྣམ་པ་མཛེས་པའི་གྲོང་ཚོ་དང་སེམས་རྩ་འཁོལ་ལ་བབ་ཆགས་པའི་ཡུལ་མིས་ཁོང་ལ་བག་ཆགས་ཟབ་མོ་བཞག
སྤྱི་ཁྱབ་ཧྲུའུ་ཅིས་མཛུབ་ཁྲིད་གནང་བ་ལྟར། ད་ཕན་ལོ་ཤས་རིང་གྲོང་ཚོར་ཁམ་བུའི་མེ་ཏོག་དུས་ཆེན་གཉེར་བ་དང་། དམངས་སྲོལ་གནས་ཚང་གཉེར་སྐྱོང་བྱེད་པ། འཐུ་བསྡུའི་འདེབས་འཛུགས་གླིང་གསར་སྐྲུན་བཅས་བྱས་ཏེ་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་དང་། མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པ་དང་ཡུལ་མིའི་འཚོ་བ་གྲ་ཇེ་རྒྱས་སུ་སོང་ཡོད།
“བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད”ཀ་ལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས“ཚང་མའི་འཕེལ་རྒྱས་ཀྱི་བར་མཐོངས་ཇེ་ཡངས་སུ་འགྲོ་བ་དང་ཡོང་འབབ་མང་དུ་ཕྱིན་སྟབས་ངར་ཤུགས་ཀྱང་དེ་བས་ཆེ་རུ་ཕྱིན་ཡོད། ང་ཚོས་ཏང་གི་སྲིད་ཇུས་བཟང་པོའི་དྲིན་ཚོར་བཞིན་དུ་བརྟན་ཞིང་དར་རྒྱས་ཆེ་བའི་མེས་རྒྱལ་གྱི་མཐའ་མཚམས་འཛུགས་སྐྲུན་བྱེད་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་བཤད།
ལོ་ཟླ་རིམ་བཞིན་འདས་རུང་། བརྩེ་བ་བྲག་ལྟར་བརྟན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གངས་ལྗོངས་ས་མཐོ་དང་འདིར་འཚོ་བ་སྐྱེལ་བཞིན་པའི་མི་རིགས་ཁག་གི་མི་དམངས་ལ་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་གཟབ་བཞེས་གནང་གི་ཡོད།
1998ལོར་སྐབས་དེ་དུས་ཧྥུའུ་ཅན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡིན་པའི་བློ་མཐུན་ཞི་ཅིན་ཕིང་གིས་བོད་སྐྱོར་ལས་བྱེད་པ་བསུ་སྐྱེལ་གནང་སྐབས་བོད་དུ་ཕེབས་ནས་ལས་བྱེད་པ་དང་མང་ཚོགས་ལ“ཉིང་ཁྲི་ས་ཁུལ་གྱི་དོན་དག་ནི་ང་ཚོའི་ཞིང་ཆེན་གྱི་དོན་དག་ཡིན”“ཆེས་ཕུལ་དུ་བྱུང་བའི་ལས་བྱེད་པ་མངགས་པ་དང་ལེགས་ཁྲོད་ཧྲག་སྒྲུག་བྱེད་དགོས”ཞེས་པའི་ཁ་བཤད་གནད་སྨིན་གྱི་བཀའ་མོལ་གསུངས་ཏེ་ཁོང་ཚོའི་སེམས་ནང་དྲོ་སྐྱིད་ཆེན་པོ་ཚོར་ཡོད། 2011ལོའི་ཟླ་བདུན་པར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པ་རེད། ལོ་10སོང་རྗེས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་མཚམས་སུ་ཁོང་སླར་ཡང་གངས་ལྗོངས་ས་མཐོའི་གྲོང་གསེབ་དང་། གྲོང་ཁྱེར་གྱི་སྤྱི་གླིང་། ལྕགས་ལམ་ལྟེ་བ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ། རིག་གནས་ཁྲོམ་གཞུང་སོགས་སུ་ཕེབས་ཏེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ངོས་ནས་བོད་ཞི་བས་བཅིངས་འགྲོལ་བཏང་བར་རྟེན་འབྲེལ་ཞུ་བར་ཕེབས་པ་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བོད་དུ་ཡོང་དོན་ནི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཐུགས་ཁུར་གནང་ལུགས་མཚོན་ཆེད་ཡིན”ཞེས་ནན་བཤད་གནང་བ་རེད།
རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བར་བྱེད་དགོས།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱི་ལས་དོན་ལ་འཕྲད་པའི་དུས་བབ་དང་ལས་འགན་ལ་འགྱུར་ལྡོག་ཟབ་མོ་བྱུང་ཡོད། ཇུས་ཐག་གཅོད་དགོས་པའི་གནད་དོན་གལ་ཆེན་རབ་དང་རིམ་པས་ཏང་ཀྲུང་དབྱང་གིས་རྒྱལ་སྐྱོང་སྲིད་འཛིན་དང་བོད་སྐྱོད་ཇུས་འགོད་བྱེད་པའི་བློ་གྲོས་དང་འཇོན་ཐང་ལ་ཚོད་བགམ་བྱེད་ཀྱི་ཡོད།
བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དགོངས་བཞེས་གཏིང་ཟབ་གནང་བའི་རྨང་གཞིའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཐོ་གཟིགས་འོག་བསྐྱངས་དང་དུས་དཔགས་བབ་བསྟུན་གྱིས་འཐབ་ཇུས་སྤྱི་ཡོངས་ཀྱི་མཐོ་ཚད་ནས་ཁོང་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་སྒྱུར་ཕྱོགས་སྟོན་དང་འཐབ་འགོད་ཇུས་འདོན་གནང་ཡོད།
2013ལོའི་ཟླ་གསུམ་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་ནས“བོད་ནི་རང་རྒྱལ་གྱི་རྒྱལ་ཁབ་བདེ་འཇགས་སྲུང་བཅད་དང་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་ཡིན་པས། ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་ཡོངས་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད”ཅེས་ནན་བཤད་གནང་བ་རེད།
ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་སྟེ་བོད་ཀྱི་ལས་དོན་ལ་ཞིབ་འཇུག་གནང་བ་ནས“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”དང“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱེད་དགོས”ཞེས་པའི་མཛུབ་སྟོན་གལ་ཆེན་གནང་བའི་བར་དང་། རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་གྲངས་ཉུང་མི་རིགས་ཀྱི་འཐུས་མི་དང་ཨུ་ཡོན་གྱི་ཇ་སྟོན་ཚོགས་འདུར་ཞུགས་སྟེ་བོད་ནས་ཕེབས་པའི་བློ་མཐུན་ཚོ་དང་བྱམས་བརྩེའི་སྤེལ་རེས་གནང་བ་ནས“2019·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”དང“2023·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པའི་བར། བོད་ཀྱི་ལས་དོན་སྤེལ་ཚུལ་སྐོར་གྱི་ཆེད་དོན་སྙན་སེང་ཐེངས་མང་གསན་པ་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཕན་པའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཟོས་པའི་བར་ལ་སོགས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ནམ་ཡང་ཐུགས་ལ་བཅངས་ནས་ཕུགས་ཀྱི་འཕེལ་རྒྱས་ལ་ཐུགས་དགོངས་རྒྱ་ཆེན་པོ་བཞེས་ཡོད།
བོད་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་ནས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཁ་གསལ་བཏོན་གནང་ཞིང་། ཁོང་གིས“དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ནི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་ཡིན་པས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་དང་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས”ཞེས་ནན་བཤད་གནང་བ་རེད།
ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལག་ལེན་དང་བོད་ཀྱི་ལས་དོན་གྱི་དོན་དངོས་ལ་གཞི་ཚུགས་ནས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལས་བོད་ཀྱི་ལས་དོན་གྱི་ནང་གནས་ཆོས་ཉིད་གཏིང་ཟབ་བསྟན་ཡོད་པ་མ་ཟད། ད་དུང་ཁ་ཕྱོགས་རང་བཞིན་དང་། སྤྱི་ཡོངས་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་གནད་དོན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་ལན་བཏབ་ཡོད་པས། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་བོད་བཅོས་སྐྱོང་དང་། བོད་བརྟན་ལྷིང་། བོད་དར་རྒྱས་བཅས་བཏང་བའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཕྱོགས་སྡོམ་ཉིང་བསྡུས་དང་གསར་གཏོད་འཕེལ་རྒྱས་གནང་བ་ཞིག་ཡིན་ལ། བོད་ཀྱི་ལས་དོན་སྐོར་གྱི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གཅིག་སྡུད་ཐོག་མངོན་པ་ཞིག་ཀྱང་ཡིན་པས། བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།
2021ལོའི་ཟླ་བདུན་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས“དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་བཀོད་པ་གསར་པར་ཞབས་འདེགས་ཞུ་བ་དང་དེའི་ནང་མཉམ་འདྲེས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་དམ་འཛིན་བྱེད་པ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པ་བཅས་བྱས་ནས། གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས”ཞེས་སྔར་བས་ནན་བཤད་གནང་བ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་གནང་བའི་ཁ་ཕྱོགས་ལྟར། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ་བྱས་ཏེ། དུས་ཡུན་རིང་པོར་ཐག་གཅོད་བྱེད་དགོས་བསམས་ཀྱང་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་དང་། དེ་སྔར་སྒྲུབ་དགོས་བསམས་ཀྱང་སྒྲུབ་མ་ཐུབ་པའི་དོན་ཆེན་མང་པོ་བསྒྲུབས་པས། བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།
ད་ཆ་བོད་དུ་སྤྱི་ཚོགས་བརྟན་ལྷིང་དང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། སྐྱེ་ཁམས་བཟང་བ། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་བྱུང་ནས། བོད་བྱང་ཐང་ས་མཐོ་ནས་ལྷ་ས་སྐྱིད་ཆུའི་ངོགས་བར་དང་། ཇོ་མོ་གླང་མའི་འདབས་ནས་ཡར་ཀླུང་གཙང་པོའི་ངོགས་གཉིས་བར་སོགས་ཕྱོགས་གང་སར་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་མངོན་བཞིན་ཡོད།
སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས། བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོ་ངར་སེམས་ཆེར་སྐྱེད་དང་འབད་འབུངས་མདུན་སྐྱོད་ཀྱིས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་མགྱོགས་མྱུར་སྐྲུན་པའི་ཕྱོགས་སུ་གོམ་ཞེང་ཆེན་པོས་སྐྱོད་བཞིན་ཡོད།
སེམས་ནུས་ཡོད་རྒུས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
“འཕེལ་རྒྱས་ཚང་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་ལྡན་དགོས་པ་དང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་ལྡན་དགོས་པ། ཚང་མས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་འགྲོ་བར་ཕན་འདོགས་དགོས་པ་བཅས་མཐའ་འཁྱོངས་བྱེད་དགོས”
ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཁྲབ་རྨོག་གྲོང་རྡལ་ནས་ཐོན་ཏེ་མུ་ལ་མུ་འབྲེལ་གྱི་རི་བོ་གཡང་གཟར་བརྒལ་བ་དང་རྦ་རླབས་དྲག་ཏུ་འཕྱུར་བའི་ཡར་ཀླུང་གཙང་པོ་བརྒྱུད་རི་མཐོ་གྲོག་རོང་གསེབ་ནས་མེ་ཏོག་རྫོང་གྲོང་གཞི་ནས་མིག་ལམ་དུ་འཆར།
མེ་ཏོག་རྫོང་ནས་ཡིན་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་འཐུས་མི་པད་མ་ཆོས་སྒྲོན་གྱིས། 2013ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་འཐུས་མི་ཚོགས་པའི་འཐུས་མི་དང་སྤེལ་རེས་གནང་སྐབས། ཐུགས་ཁུར་ཟབ་བཞེས་ཀྱིས“ད་ལྟ་མེ་ཏོག་ལ་རླངས་འཁོར་ཤར་གཏོང་ཐུབ་ཡོད་དམ”ཞེས་བཀའ་འདྲི་གནང་བ་གསལ་པོར་དྲན་གྱི་ཡོད།
ཧི་མ་ལ་ཡའི་ལྷོ་འདབས་སུ་གནས་པའི་མེ་ཏོག་རྫོང་ལ་སྐབས་ཤིག་རིང“ས་མཐོའི་ཁེར་ཆགས་གླིང་ཕྲན”ཞེས་འབོད་ཀྱི་ཡོད། 2013ལོའི་ཟླ་10ཚེས་31ཉིན་མེ་ཏོག་གཞུང་ལམ་ལ་རླངས་འཁོར་ཤར་གཏོང་དངོས་སུ་ཐུབ་པ་ལས་མེ་ཏོག་རྫོང་གིས“རྒྱལ་ཡོངས་ཀྱི་རླངས་འཁོར་ཤར་གཏོང་མ་ཐུབ་པའི་རྫོང་འབའ་ཞིག”ཞེས་པའི་ཞྭ་མོ་གཞི་ནས་ཕུད་ཡོད།
ལམ་ཤར་གཏོང་ཐུབ་པ་ལས་བྱ་གཞག་མཐའ་དག་དར་ཞིང་རྒྱས། ཉེ་བའི་ལོ་ཤས་རིང་མེ་ཏོག་རྫོང་གིས་ཡུལ་སྐོར་ལྟ་སྐོར་དང་། ཤིང་ཏོག་དང་ཇ་ལོ་འདེབས་འཛུགས་སོགས་ཐོན་ལས་འཕེལ་རྒྱས་བཏང་སྟེ། ས་གནས་དེ་གའི་མང་ཚོགས་ལ་ཐོབ་སྣང་མང་པོ་སྦྱིན་ཡོད།
མེ་ཏོག་རྫོང་གི་འཕེལ་རྒྱས་ནི་ཉེ་བའི་ལོ་ཤས་རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད།
མཚོ་བོད་ས་མཐོར་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆ་དང་སྐྱེ་ཁམས་ཁོར་ཡུག་ཡོད། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཇི་ལྟར་གཏོང་དགོས་སམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འཕེལ་རྒྱས་ཚང་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་ལྡན་དགོས་པ་དང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་ལྡན་དགོས་པ། ཚང་མས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་འགྲོ་བར་ཕན་འདོགས་དགོས་པ་བཅས་མཐའ་འཁྱོངས་བྱེད་དགོས”ཞེས་གསུངས་པ་རེད།
དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཐོག་མར་སྤེལ་སྐབས། བོད་ནི་རང་རྒྱལ་གྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་འབའ་ཞིག་དེ་ཡིན་པ་དང་། རྒྱལ་ཡོངས་ནས་དབུལ་པོ་ཐོན་ཚད་མཐོ་ཤོས་དང་། དབུལ་ཕོངས་ཚབས་ཆེ་ཤོས། དབུལ་སྐྱོར་མ་གནས་མཐོ་ཤོས། དབུལ་སྒྲོལ་དཀའ་ཚེགས་ཆེ་ཤོས་བཅས་ཀྱི་ཤིན་ཏུ་དབུལ་བའི་་ས་ཁུལ་ཞིག་རེད།
“‘ཁུལ་གསུམ་ཀྲོའུ་གསུམ’སོགས་ཤིན་ཏུ་དབུལ་བའི་ས་ཁུལ་ལ་མུ་མཐུད་ནས་དམིགས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་ཇུས་གཞི་དོན་འཁྱོལ་བྱེད་པ་དང་། མངོན་གསལ་དོད་པའི་གནད་དོན་དང་ཉམས་ཞན་ལྷུ་ཚིགས་ལ་དམིགས་ཏེ་སྲིད་ཇུས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དེ་ནི་གལ་འགངས་ཧ་ཅང་ཆེ་བ་ཞིག་རེད།
2019ལོའི་ལོ་མཇུག་ཏུ། བོད་ཀྱི་རྫོང་དང་ཆུས་དབུལ་པོ་74ཚང་མའི་དབུལ་ཞྭ་ཕུད་ཐུབ་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8དབུལ་སྒྲོལ་ཐུབ་ནས། བོད་འདི་ཉིད་ལོ་ངོ་སྟོང་ཕྲག་དུ་མའི་དབུལ་པོ་དབུལ་ནག་གི་འཆིང་རྒྱ་ལས་རྦད་དེ་སྒྲོལ་ཐུབ་ཡོད།
དབུལ་སྒྲོལ་ནི་མཇུག་རྫོགས་ས་ཞིག་མིན་པར་བདེ་སྐྱིད་འཚོ་བའི་འགོ་འཛུགས་ས་ཞིག་རེད། ཉེ་བའི་ལོ་ཤས་རིང་བོད་ཀྱིས་དམངས་འཚོར་དམིགས་ནས་ནུས་ཤུགས་བཏོན་པས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་ཡོད།
—— སློབ་གསོའི་བྱ་གཞག་སྔོན་ལ་འཕེལ་རྒྱས་བཏང་སྟེ་བུ་བཅོལ་ཁང་ནས་མཐོ་རིམ་སློབ་འབྲིང་བར་གྱི་ལོ་15ཡི་གཞུང་གྲོན་སློབ་གསོ་སྔོན་ལ་ལག་ལེན་བསྟར་བ་དང་།
—— ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་སྲུང་སྐྱོང་དང་བེད་སྤྱོད་ནུས་ལྡན་བྱས་པས། སྤྱི་པའི་རིག་གནས་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ།
—— གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་ཞིང་འབྲོག་པར་གཟུགས་པོ་བརྟག་དཔྱད་བྱེད་ཚད་ཁྱོན་ཡོངས་ལ་ཁྱབ་སྟེ་ལྗོངས་ཡོངས་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་72.5བར་རིང་དུ་ཕྱིན་པ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་འགྲོ་ལམ་འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། ཆེད་གཏོང་མེ་འཁོར་ལ་བཞུགས་ནས་ལྷ་ཉིང་ལྕགས་ལམ་ལམ་རྒྱུད་ཀྱི་འཛུགས་སྐྲུན་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་གཟིགས་ཞིབ་གནང་བ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ནས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུར་ཞིབ་འཇུག་དང་བཀོད་སྒྲིག་གནང་ཞིང་། ཁོང་གིས“ནུབ་རྒྱུད་མཐའ་མཚམས་ཀྱི་ལྕགས་ལམ་དྲ་བ་འཛུགས་སྐྲུན་ལ་སྤྱི་འདོམས་ཇུས་འགོད་ཡག་པོ་བྱེད་དགོས”ཞེས་ས་ཕྱོགས་གང་དུ་ཕེབས་ཀྱང་ཐུགས་ཁུར་ཟབ་བཞེས་གནང་བ་རེད།
གངས་ལྗོངས་ལ“མཁའ་ལམ”བསྐྲུན་པས་རང་བྱུང་འོབས་ཆེན་བདེ་ལམ་དུ་གྱུར། 2014ལོར་མཚོ་བོད་ལྕགས་ལམ་གྱི་སྣུར་སྲིང་ལམ་ཐིག་སྟེ། ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་པ་དང་། 2019ལོར་གཞུང་ལམ་གྱི་ཕུག་ལམ་ཆེས་རིང་བའི་བར་ལའི་ཕུག་ལམ་བསྐྲུན་ཏེ་ཉིང་ཁྲི་ནས་ལྷ་ས་བར་གྱི་རིམ་མཐོའི་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་པ། 2021ལོར་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་བསྐྲུན་ཏེ་མེ་འཁོར་ཤར་གཏོང་ཐུབ་ནས་གངས་ལྗོངས་ས་མཐོ་བསྐྱར་དར་རྟགས་ཅན་གྱི་དུས་རབས་སུ་སླེབས་པ་ལ་སོགས། 2024ལོའི་ལོ་མཇུག་བར། བོད་ཀྱི་གཞུང་ལམ་གྱི་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཐག་དང་ལྕགས་ལམ་འཁོར་སྐྱོད་ལམ་ཐག་སྤྱི་ལེ་ཁྲི་12.49དང་སྤྱི་ལེ་1359སོ་སོར་ཟིན་པ་དང་རྒྱལ་སྤྱི་རྒྱལ་ནང་གི་མཁའ་ལམ་ཁག་183ཟིན་ཡོད།
འགྲིམ་འགྲུལ་འཛུགས་སྐྲུན་མཚོན་བྱེད་དུ་བྱས་པའི་བོད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་སོང་ཞིང་། མཚོ་བོད་དང་། ཁྲོན་བོད། བོད་དབུས། མངའ་རིས་བཅས་གློག་དྲ་ཁག་བཞི་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་། གློག་དྲ་གཙོ་བོ་རྫོང(ཆུས་དང་གྲོང་ཁྱེར)ཚང་མར་ཁྱབ་པ་དང་། ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་ལས་གྲྭ་འཛུགས་སྐྲུན་བྱེད་འགོ་ཚུགས་པ་ལ་སོགས་པས། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསོན་ཤུགས་ཆེན་པོ་བསྣན་ཡོད།
ད་ཆའི་གངས་ལྗོངས་ས་མཐོར“མཁའ་ལམ”ཕྱོགས་བཞིར་བསྐྲུན་པ་དང་གློག་དྲ་གང་སར་ཁྱབ་ནས། རི་ཆུ་ཁྲི་སྟོང་སྦྲེལ་བ་མ་ཟད། མི་འགྲུལ་དང་། ཟོག་འགྲུལ། ཐོན་ལས་བཅས་ལའང་དར་རྒྱས་བྱུང་ཡོད།
བོད་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཇི་ལྟར་གཏོང་དགོས་སམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དགེ་སྐྱོན་གསབ་རེས་དང་ཡུལ་བབ་དང་བསྟུན་དགོས་པ”དང“བོད་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས”ཞེས་ཁ་ཕྱོགས་གསལ་སྟོན་གནང་བ་རེད།
སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་ཁྲིད་དང་བསྟུན་ནས་བོད་ཀྱིས་ནུས་རྒྱུ་གཙང་མ་དང་། རིག་གནས་ཡུལ་སྐོར། ས་མཐོའི་ཡང་བའི་བཟོ་ལས་སོགས་དེང་རབས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་དེང་རབས་ཀྱི་ཐོན་ལས་མ་ལག་རགས་ཙམ་བསྐྲུན་པས། རང་བརྟེན་དང་རང་ངོས་འཕེལ་རྒྱས་གཏོང་བའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་སོང་བ་དང་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོའི་འཕར་ཚད་ལོ་མང་བསྟུད་མར་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།
ལོ་ངོ་60རིང་གི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད། བོད་ལྗོངས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་སྟོང་དང་པོ་དེ་ལོན་པར་ལོ་50འགོར་བ་དང་། སྒོར་དུང་ཕྱུར་སྟོང་གཉིས་པ་དེ་ལོན་པར་ལོ་6ལས་འགོར་མེད།
ཉིང་ཁྲི་ཡར་ཉང་འདམ་རར་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། ཡར་ཀླུང་གཙང་པོ་ཤར་ཕྱོགས་སུ་དྲག་ཏུ་རྒྱུག་ནས་གཡུ་འབྲུག་སྔོན་མོ་འཁྱུག་པ་ལྟར་གྱི་ཉང་ཆུ་གཙང་པོར་འདྲེས་ནས་སྤྱི་ཆིང་9000ཙམ་གྱི་འདམ་རའི་སྤྱི་གླིང་བསྐྱངས་ཡོད།
2021ལོའི་ཟླ་བ་བདུན་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཉང་ཆུ་ཟམ་ཆེན་དུ་ཕེབས་ནས་ཡར་ཀླུང་གཙང་པོ་དང་དེ་བཞིན་ཉང་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་གསན་རྗེས། “དེ་གའི་རང་བྱུང་སྣོད་བཅུད་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་ནན་བཤད་གནང་བ་རེད།
མཚོ་བོད་ས་མཐོ་ནི་འཛམ་གླིང་གི་ཡང་རྩེ་དང་ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་སྐྱེ་ཁམས་ལ་སྲུང་སྐྱོང་ཡག་པོ་བྱེད་པར་ཚད་མཐོའི་མཐོང་ཆེན་གནང་བ་སྟེ། “བོད་ཀྱིས་སྐྱེ་ཁམས་ལ་སྲུང་སྐྱོང་བྱས་ཏེ་ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་པ་ལས། ཆུང་ཆུང་བློས་ཀྱིས་མ་ཐོངས། ཆེན་པོ་གང་འགྲོ་མ་ཤེས་པ་བྱེད་མི་རུང་། སྐྱེ་ཁམས་ལ་གནད་དོན་ཐོན་ན་ཁེ་གྱོང་མགོ་མི་ཐུག”ཅེས་དང་། “བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱས་ཏེ་ཕན་འབྲས་བསྐལ་བརྒྱར་ཐོན་པ་དང་གནམ་འོག་ཀུན་ལ་ཕན་པ་ཐོབ་པར་བྱེད་དགོས” “མཚོ་བོད་ས་མཐོ་འདི་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་སར་སྐྲུན་དགོས”ཞེས་པ་ལ་སོགས་ཡུལ་དུས་མི་འདྲ་བར་ཟོལ་མེད་ཀྱི་མངགས་བཅོལ་གནང་ནས་བོད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད།
རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི། བོད་ཀྱི་ལྗོངས་ཡོངས་ཀྱི་50%ཡན་གྱི་རྒྱལ་ཁབ་ས་ཆ་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ནང་བཅུག་པ་དང་། ནགས་ཚལ་ཁྱབ་ཚད་12.31%ཟིན་པ། ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་བསྡུར་ཚད་99.7%ཡན་ཟིན་པ། ཆུ་དང་། གཙང་པོ། མཚོ་མཚེའུ་བཅས་གཙོ་བོ་100%ཡི་ཆུའི་སྤུས་ཚད་ཆུ་སྤུས་རིགས་གསུམ་པ་ཟིན་པའམ་དེ་ལས་ལེགས་པ་ཡོད། སྐྱེ་ཁམས་ལས་གནས་བསྡོམས་ཁྲི་44ལྷག་ཙམ་བཀོད་སྒྲིག་བྱས་པ་དང་ལོ་རེར་ཁ་གསབ་རོགས་དངུལ་སྤྲོད་ཚད་སྒོར་དུང་ཕྱུར་15ལས་བརྒལ་ནས། མི་དམངས་མང་ཚོགས་ལ་སྐྱེ་ཁམས་འཛུགས་སྐྲུན་ལས་ཡོང་འབབ་རག་ནས་ཕྱུག་འགྱུར་ལམ་དུ་བསྐྱོད་ཐུབ་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་ཡག་ཤོས་དང་། འགྱུར་ལྡོག་ཆེ་ཤོས། མང་ཚོགས་ལ་དངོས་ཕན་ཐོབ་མང་ཤོས་བཅས་ཀྱི་དུས་རབས་གསར་པར་བསྐྱོད་པས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་བ་དང་། སྐྱིད་སྣང་སྔར་བས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཚོར་སྣང་སྔར་བས་འགན་སྲུང་ཐུབ་པ་བཅས་བྱུང་ཡོད།
མི་སེམས་གཅིག་ཏུ་བསྒྲིལ་ནས་གངས་ལྗོངས་ས་མཐོའི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་བཏོད་པ།
“མི་རིགས་56ནི་སེ་འབྲུའི་འབྲུ་གུ་ལྟར་ཡིན་པ་དང་ཀྲུང་ཧྭ་མི་རིགས་ནི་སེ་འབྲུའི་རྡོག་ལྟར་ཡིན། ང་ཚོ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་ཡིན་པས། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་སྐྱོད་པར་ཕྱར་བ་གྲུ་འདེགས་བྱེད་དགོས”
བར་སྐོར་ནི་ལྷ་སའི་གྲགས་ཆེ་བའི་ཡུལ་སྐོར་གནས་མཆོག་ཅིག་ཡིན་ཞིང་། དེའི་རྒྱུད་དུ་ཚོང་ཁང་གིས་ཁེངས་པ་དང་། འགྲོ་འོང་བྱེད་མཁན་འཚང་ཁ་ཤིག་ཤིག་ཡོད།
2021ལོའི་ཟླ་7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བར་སྐོར་གྱི་ཁྱད་ལྡན་ཚོང་ཁང་དུ་ཕེབས་ཏེ་ཡུལ་སྐོར་དང་རིག་གནས་བསམ་བཀོད་ཐོན་ལས་འཕེལ་རྒྱས་དང་བོད་ཀྱི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་བ་རེད། མི་རིགས་ཁག་གི་མང་ཚོགས་ཀྱིས་འཚང་ཁ་ཤིག་ཤིག་ངང་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་ཕྱག་གཡུག་གཡུག་གནང་ནས་ཚང་མར་འཚམས་ལན་གནང་བ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མྱོང་ཚོར་ཟབ་མོས“ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བར་སྐོར་ནི་ང་ཚོ་མི་རིགས་ཁག་གིས་བསྐྲུན་པའི་བར་སྐོར་རེད”“རང་རེའི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་མོ་འདི་གར་འཆམ་མཐུན་མཉམ་གནས་བྱུང་ཡོད”ཅེས་གསུངས།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་ཡིན་ལ། མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་གཙོ་རྐང་ཡང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་སྣང་གཤིན་པོས་ཡུལ་དུས་མང་པོ་ཞིག་ཏུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས་པའི་བཀའ་མངགས་གནང་བ་སྟེ།
“བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་ས་ངེས་པར་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་ཐོག་འཇོག་དགོས”
“མི་རིགས་56ནི་སེ་འབྲུའི་འབྲུ་གུ་ལྟར་ཡིན་པ་དང་ཀྲུང་ཧྭ་མི་རིགས་ནི་སེ་འབྲུའི་རྡོག་ལྟར་ཡིན། ང་ཚོ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་ཡིན་པས། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་སྐྱོད་པར་ཕྱར་བ་གྲུ་འདེགས་བྱེད་དགོས”
“མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་འཛིན་པའི་མོས་སེམས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་མི་རིགས་མཐུན་སྒྲིལ་གྱི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས”ཞེས་པ་ལ་སོགས་རེད།
ས་གནས་ཀྱི་ཁྲིམས་འཛུགས་རྣམ་པའི་ཐོག་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་དགོས་ལུགས་བཏོན་པ་དང་། ལོ་རེའི་ཟླ་བ་དགུ་པ་རང་སྐྱོང་ལྗོངས་ཀྱི“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླ་བར”གཏན་འཁེལ་བྱས་ཏེ། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭར་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་སྤེལ་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་དང་མི་སྒེར་ལ་གཟེངས་བསྟོད་ཤུགས་ཆེན་བྱས་པ་ལ་སོགས། ད་ཆ་བོད་ཀྱི་མི་རིགས་ཁག་ནི་སེ་འབྲུའི་རྡོག་ལྟར་དམ་པོར་སྦྲེལ་ནས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་རྣམ་པ་གསར་པ་བཏོད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་བརྟན་པོ་བཙུགས་ནས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྒུལ་ཤུགས་འཛད་མེད་གཅིག་སྒྲིལ་བྱེད་བཞིན་ཡོད།
ཀྲུང་ཧྭ་ཁྲག་རྒྱུན་གཅིག་ཏུ་འདྲེས། བརྩེ་དུང་རྒྱ་མཚོ་ལས་ཀྱང་ཟབ། བོད་ལ་འཕྲད་པའི་དཀའ་ངལ་ཐད་ཀྲུང་དབྱང་ནས་ས་གནས་བར་ཚང་མས་ནུས་ཤུགས་ཡོད་རྒུས་རོགས་སྐྱོར་དང་དྲོ་སྐྱིད་ལྡན་པའི་བྱམས་སྐྱོང་བྱེད་ཀྱི་ཡོད།
ད་ལོའི་ཟླ་1ཚེས་7ཉིན། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བ་དང་ཁང་པ་མང་པོ་བརྡིབས་ཡོད། ས་ཡོམ་བརྒྱབ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་འབྲེལ་མཛུབ་སྟོན་གལ་ཆེན་ཡང་གནང་ནས། ནུས་ཤུགས་ཡོད་རྒུས་མི་སྣ་འཚོལ་སྐྱོབ་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་བྱེད་པ། མི་སྣ་ཤི་རྨས་ཉུང་དུ་གང་ཐུབ་ཅི་ཐུབ་ཀྱིས་གཏོང་བ། ཞོར་ཐོན་གནོད་འཚེ་མི་ཐོན་པར་བྱེད་པ། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་ཡག་པོ་བྱེད་པ། རྗེས་འཇུག་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད། ཟླ་1ཚེས་9ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ནས་བོད་ལྗོངས་དིང་རིའི་ཡོམ་འགོག་གེགས་སེལ་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བྱས་པ་རེད།
ད་ཆ། ཉི་འོད་རབ་ཏུ་འཕྲོ་བའི་འོག་དིང་རི་རྫོང་ཟིང་དཀར་གྲོང་ཚོར་ཁང་པ་གསར་རྐྱང་སྟར་པ་མང་པོ་བརྒྱབ་ཡོད་པ་དང་། ལམ་ངོས་གཙང་ལ་གྲལ་འགྲིག་པ། ཡུལ་མིའི་གདོང་ལས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར། ཡུལ་མི་བློ་བཟང་གིས“ས་ཡོམ་བརྒྱབ་རྗེས་ཁང་པ་གསར་པར་མགྱོགས་པོ་འདི་འདྲ་སྤོ་ཐུབ་སྙམ་པ་བསམ་ཡུལ་ལས་འདས་སོང་། ཁང་པ་གསར་པ་རྒྱ་ཆེ་ཞིང་དཀར་ཆ་དོད་པས་ཚང་མ་མགུ་པོ་བྱུང་སོང”ཞེས་བཤད།
བོད་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་གསར་སྤེལ་བྱས་པ་ཞིག་ཡིན་པ་དང་བོད་ཀྱི་ལོ་རྒྱུས་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་བརྩམས་པ་ཞིག་རེད། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་ཡར་ཐོན་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཚེ་སྲོག་གནས་ས་དང་། སྟོབས་ཤུགས་འབྱུང་ས། རེ་བ་བཅོལ་ས་བཅས་རེད།
པ་སྣམ་རྫོང་དཔའ་རྩལ་ཤང་བན་ཚང་གྲོང་ཚོར་སྐྱོད་སྐབས་དྲོད་ཁང་མང་པོ་ཞིག་མིག་ལམ་དུ་མངོན་ཞིང་། དྲོད་ཁང་ནང་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་ཤིང་ཏོག་དང་སྔོ་ཚལ་སྐྱེ་འཚར་ཧ་ཅང་ཡག་པོ་ཡོད་པ་རེད།
པ་སྣམ་རྫོང་ནི་ས་མཐོར་གནས་པས་ཉི་མ་དྲོ་ལ་ཉིན་མཚན་གྱི་ཚ་གྲང་ལ་ཁྱད་པར་ཧ་ཅང་ཆེན་པོ་ཡོད། 1995ལོར་ཧྲན་ཏུང་གི་བོད་སྐྱོར་ལས་བྱེད་པ་ཁག་དང་པོས་རང་བྱུང་གི་ལེགས་ཆ་དེ་ཤེས་ནས་པ་སྣམ་དུ་སྔོ་ཚལ་ཐོན་ལས་འཕེལ་རྒྱས་གཏོང་རྒྱུའི་ཚོད་ལྟ་བྱས་ཏེ་དེ་གར་རེ་བའི་ས་བོན་བཏབ། ལོ་ངོ་སུམ་ཅུའི་རིང་བོད་སྐྱོར་ལས་བྱེད་པ་ཁག་དང་པོ་ནས་ཁག་བཅུ་གཅིག་པའི་བར་གྱིས་ལྷ་ཤིང་ཤུག་པ་བྲག་ལ་ཚུགས་པ་ལྟར་གྱི་སྙིང་རུས་ལ་བརྟེན་ནས་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་པ་སྣམ་དེ་ཉིད་ས་མཐོའི་ཤིང་ཏོག་དང་སྔོ་ཚལ་གྱི་དྲི་ཞིམ་འཐུལ་བའི་ཡུལ་ཞིག་ཏུ་བཏོད་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་དབྱང་གིས་བོད་ལ་རྒྱབ་སྐྱོར་བྱེད་པ་དང་རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་ལག་ལེན་བསྟར་བའི་སྲིད་ཇུས་ཡིན་པས། ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱས་ཏེ་ཉམས་མྱོང་ལ་ཕྱོགས་སྡོམ་ནན་ཏན་བྱས་ནས་བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས”ཞེས་ནན་བཤད་གནང་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཁ་གཏད་བོད་སྐྱོར་ལས་དོན་གྱིས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསོན་ཤུགས་ཆེན་པོ་བསྣན་པ་མ་ཟད། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་གཞི་རྟེན་ཞིག་ཏུ་དེ་བས་གྱུར་ནས་མི་རིགས་མཐུན་སྒྲིལ་གྱི་སྙན་དབྱངས་དཀྲོལ་ཡོད།
ཁ་གཏད་བོད་སྐྱོར་གྱི་ལས་དོན་ཁྲོད་མི་རིགས་ཁག་གི་མང་ཚོགས་དབར་མཛའ་གཅུགས་ཟབ་མོ་ཆགས་ནས་མི་རིགས་མཐུན་སྒྲིལ་གྱི་ས་བོན་རྒྱུན་ཆད་མེད་པར་བཏབ་ཡོད། མི་རིགས་ཁག་དབར་འཆམ་མཐུན་མཉམ་གནས་དང་མཛའ་བརྩེ་གཅེས་སྐྱོང་བྱས་ཏེ་མི་སེམས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འབུངས་ཀྱི་བསམ་པའི་སྦྲེལ་ཐག་ཆེན་པོ་ཞིག་ཆགས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་ཀྱི་དཔལ་འབྱོར་གྱི་རྨང་གཞི་དང་། སྤྱི་ཚོགས་ཀྱི་རྨང་གཞི། ཆབ་སྲིད་ཀྱི་རྨང་གཞི་བཅས་ཟམ་མི་ཆད་པར་བརྟན་དུ་ཕྱིན་ཡོད།
“བོད་སྐྱོར་སྙིང་སྟོབས་ནི་ཀྲུང་གོ་གུང་ཁྲན་ཏང་གི་བླ་ན་མེད་པའི་སྙིང་སྟོབས་ཤིག་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་ཞིག་ཡིན། གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པའི་སྙིང་སྟོབས་དེ་ནི་གསར་བརྗེའི་ཕུགས་བསམ་དགུང་ལས་མཐོ་བ་དེ་རེད” 2021ལོའི་ཟླ་7ཚེས་23ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྷ་སར་བོད་སྐྱོར་ལས་བྱེད་པའི་འཐུས་མི་དང་མཇལ་འཕྲད་གནང་སྐབས་མངགས་བཅོལ་ཟབ་མོ་གནང་དུས་དེ་གར་ཡོད་པའི་སྐབས་དེ་དུས་ཀྱི་འབྲོང་པ་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཞུས་ཕོ་ཡི་སེམས་ལ་བརྟན་པོར་ཟུག་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་སྐུལ་ལྕག་འོག་བོད་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། ས་བབ་མཐོ་ཡང་བསམ་པའི་གོ་རྟོགས་དེ་བས་མཐོ་བ་བཅས་ལྡན་པའི་ཕྱོགས་བཞི་མཚམས་བརྒྱད་ཀྱི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས་དཔའ་སྟོབས་ཀྱིས་ཁེངས་བཞིན་རྒྱུན་མཐུད་འབད་འཐབ་བྱས་ཏེ། བོད་སྐྱོར་གྱི“རྒྱུག་མཐུད་འགྲན་བསྡུར”ཡག་པོ་བྱས་ནས་བྱ་སྤྱོད་དངོས་ལ་བརྟེན་ཏེ་ལས་འགན་དང་གཟི་བརྗིད་མངོན་པར་བྱེད་བཞིན་ཡོད།
གངས་ལྗོངས་ས་མཐོ་རྒྱུན་མཐུད་འཕེལ་རྒྱས་འགྲོ་བ་དེ་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ལྡན་པའི་ཐུགས་ཁུར་དང་ཁ་འབྲལ་ཐབས་མེད། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་བ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་རྒྱུ་དེའང་ཀྲུང་ཧྭའི་བུ་ཕྲུག་ཚོས་སེམས་མཐུན་སྟོབས་སྒྲིལ་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱེད་པ་དང་ཁ་འབྲལ་ཐབས་མེད།
“ཁྱིམ་ནི་ཡུལ་སྨད་དང་རྒྱལ་ཁབ་ནི་ཀྲུང་གོ་ཡིན”ཞེས་པ་དེ་ནི་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་དེ་སྔའི་ཤང་ཀྲང་སྒྲོལ་དཀར་གྱིས་སེམས་ལ་བརྟན་པོར་ངེས་པའི་སྐད་ཆ་ཞིག་རེད།
ཡུལ་སྨད་ཤང་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་འདབས་སུ་གནས་པ་དང་རང་བྱུང་ཆ་རྐྱེན་ཞན་པོ་ཡོད། ལོ་ངོ་30ལྷག་ཙམ་གྱི་གོང་དུ་ལོ་ན་ཕྲ་བའི་སྒྲོལ་དཀར་གྱིས་པ་ཕའི་དད་སེམས་རྒྱུན་འཛིན་བྱས་ནས་ལོ་བཅུ་ཕྲག་ཁ་ཤས་ཉིན་གཅིག་ལྟར་ཕྱུགས་འཚོ་བ་དང་སྐོར་གཡེང་བྱེད་བཞིན་སྤྱི་ལེ་ངོས་གྲུ་སྟོང་ཕྲག་ཁ་ཤས་ཡོད་པའི་རྒྱལ་ཁབ་ཀྱི་ས་ཆ་བསྲུངས་ཡོད།
“ས་བབ་སྨི་3600ལྷག་ཙམ་དང་ལོ་ལྟར་གངས་ཆེན་པོ་བབས་ནས་རི་ལམ་ལོ་ཕྱེད་ལྷག་ཙམ་འགག་པའི་མཐའ་མཚམས་ས་མཐོར་ཁྱེད་ཚོ་ཕ་དང་བུ་མོ་མི་རབས་གཉིས་ཀྱིས་ལོ་བཅུ་ཕྲག་ཁ་ཤས་ཉིན་གཅིག་ལྟར་མེས་རྒྱལ་གྱི་མངའ་ཁོངས་ས་ཆ་སྲུང་སྐྱོང་བྱེད་པའི་སྙིང་སྟོབས་ནི་མི་རྣམས་ཀྱིས་ཡི་རངས་བྱེད་འོས་པ་ཞིག་རེད”ཅེས་2017ལོའི་ཟླ་བཅུ་པར་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་སེམས་ཟབ་མོའི་འཕྲིན་ལན་འབྱོར་བ་རེད།
2021ལོར་སྒྲོལ་དཀར་ལ་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་སྤྱི་ཁྱབ་ཧྲུའུ་ཅིས་གནང་བའི“བདུན་གཅིག་གཟེངས་རྟགས”ཐོབ་པ་རེད། ཉིན་དེའི་གནས་ཚུལ་ཕྱིར་དྲན་བྱེད་སྐབས་སྒྲོལ་དཀར་ལ་སྔར་བཞིན་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ“ད་ལྟ་ཆ་རྐྱེན་ཚང་མ་ཡག་ཏུ་ཕྱིན་ཡོད་པས་ང་ཚོས་དེ་བས་སྐལ་བཟང་མེ་ཏོག་ཇི་བཞིན་གངས་ལྗོངས་ཀྱི་ས་མཐོར་རྩ་བ་ཚུགས་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བྱེད་དགོས”ཞེས་བརྗོད།
རི་བོ་སྟོང་ཕྲག་འགྱིང་ངེར་གནས་པ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གངས་རི་དག་གིས་གངས་ལྗོངས་ས་མཐོའི་ལོ་རྒྱུས་ཀྱི་འགྱུར་ལྡོག་ལ་བདེན་དཔང་བྱས་པ་དང་། ཆུ་བོ་ཁྲི་སྟོང་ལང་ལོང་དུ་རྒྱུག་པ་དང་ཡར་ཀླུང་གཙང་པོའི་ངོགས་སུ་གཡུ་འབྲུག་ལྟར་རྒྱུ་བའི་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་ལས་བོད་འདི་ཉིད་བརྗིད་ཉམས་ལྡན་པའི་ངང་མདུན་ཕྱོགས་སུ་སྐྱོད་པའི་སྟོབས་ཤུགས་ཆེན་པོ་མངོན།
“ཀྲུང་གོ་གུང་ཁྲན་ཏང་གི་རྗེས་སུ་འབྲང་བ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཐོག་བློ་བརྟན་འགྱུར་མེད་ངང་སྐྱོད་པ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ཚེ། ང་ཚོས་དུས་བཀག་ལྟར་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་ངེས་རེད” ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཀོད་གནང་བའི་བརྗིད་ཆེའི་འཆར་གཞི་ལྟར་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཆེད་མཉམ་དུ་འབད་འཐབ་བྱེད་བཞིན་ཡོད།