གར་འཁྲབ་རྩལ་འགྲན་གྱིས་ལོ་ངོ60ཡི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་པ།
སྤེལ་དུས 2025-09-09
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
རྩོམ་པ་པོ།
ངམ་རིང་རྫོང་ཡ་མོ་ཤང་སྣང་རྩེ་གྲོང་ཚོའི་ཨུ་ལྷན་གཉིས་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ60འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་ཆེད་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ།
བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ60འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་ཆེད། ཟླ8པའི་ཚེས28དང་ཚེས29ཡི་དུས་ཡུན་ཉིན་གཉིས་རིང་། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་ཡ་མོ་ཤང་སྣང་རྩེ་གྲོང་ཚོའི་ཨུ་ལྷན་གཉིས་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ནས་ཆེད་མངགས་གྲོང་ཚོ་དེ་གའི་ཏང་ཡོན་དང་མང་ཚོགས་རྣམས་སྒྲིག་འཛུགས་བྱས་ཏེ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ60འཁོར་བའི་རྟེན་འབྲེལ་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། སྣ་མང་ཕུན་སུམ་ཚོགས་པའི་རིག་རྩལ་བྱེད་སྒོ་ཐེངས་ཤིག་སྤེལ་བ་རེད།
བྱེད་སྒོའི་ཐོག ཐོག་མར་སྣང་རྩེ་གྲོང་ཚོའི་སྒྲོག་འགྲེལ་མི་སྣ་གཉིས་ཀྱིས“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་གཏོད་པ་དང་། མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེའུ་གསར་པ་རྩོམ་དགོས”ཞེས་པ་མཚན་བྱང་དུ་བྱས་ཏེ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ60འཁོར་བའི་རྟེན་འབྲེལ་ཚོགས་ཆེན་གྱི་དགོངས་དོན“འཕྲལ་དུ་སློབ་སྦྱོང་དང་དུས་ཐོག་ཏུ་སྒྲོག་འགྲེལ་བྱེད་པའི”བྱེད་སྒོ་སྤེལ་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་ཞུ་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ནས་རྟེན་འབྲེལ་མཛད་སྒོའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་སྒྲོག་འགྲེལ་དང་སློབ་སྦྱོང་ནན་ཏན་བྱས།
དེ་རྗེས་སྣང་རྩེ་གྲོང་ཚོའི་མང་ཚོགས་ཚོས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཏེ་སྐྱིད་པའི་ཞབས་བྲོ་སྣ་ཚོགས་འཁྲབ་སྟོན་དང་། ཐག་འཐེན་འགྲན་སྡུར་དང་། པང་འདེགས་འགྲན་སྡུར།རྐུབ་སྟེགས་འཕྲོག་རེས་བྱེད་པའི་འགྲན་སྡུར་སོགས་འཁྲུག་ཆ་དོད་ལ་སྣ་མང་ཕུན་སུམ་ཚོགས་པའི་འགྲན་སྡུར་གྱི་བྱེད་སྒོ་སྤེལ་ཏེ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ60འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་ལུགས་མཚོན་པར་བྱས་ཡོད།

ཐེངས་འདིའི་བྱེད་སྒོ་སྤེལ་བ་བརྒྱུད། སྣང་རྩེ་གྲོང་ཚོའི་མང་ཚོགས་ཚོའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་མ་ཟད། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པར་རོལ་བའི་སྤྲོ་སེམས་དང་། སྔ་བར་ཕྱི་གསུམ་དུ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་བསམ་པ་ཤུགས་ཆེར་སོང་བ་དང་། གྲོང་ཚོ་དེ་གའི་མང་ཚོགས་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཐོག མཐུན་སྒྲིལ་སེམས་མཐུན་དང་དྲིན་ཚོར་འབད་བརྩོན་བྱས་ཏེ། མཐུན་སྒྲིལ་དང་འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱ་རྒྱུའི་སེམས་ཤུགས་ཇེ་ཆེར་སོང་ཡོད།