ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

དཀར་མཛེས་ཀྱི་ཕོ་གཞོན་གཉིས་དམག་གཟིགས་མཛད་སྒོའི་ནང་ཞུགས་པ།

སྤེལ་དུས 2025-09-09 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
             ཟླ9པའི་ཚེས3ཉིན། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་ཏེ་འཛམ་གླིང་སྐྱེ་བོ་ཀུན་གྱི་ཡིད་དབང་བཀུག་ཡོད། བརྙན་མིག་གིས་མི་མཐོང་སར་དཀར་མཛེས་ཁུལ་རོང་བྲག་རྫོང་ནས་ཡིན་པའི་བོད་རིགས་ཀྱི་རིམ་པ་གཉིས་པའི་ཧྲང་ཧྲི་མེང་ཁྲེང་ཅུན་དང་ལི་ལིའང་ཁྲེང་རྣམ་གཉིས་ཀྱང་རིམ་པ་མང་པོའི་གདམ་གསེས་བྱས་པ་བརྒྱུད་མཐར་རང་སོའི་དམག་དོན་བྱང་ཚད་མཐོ་པོར་བརྟེན་ནས། དགུ་གསུམ་དམག་གཟིགས་ཀྱི་འགན་སྲུང་རུ་མིར་གྱུར་ཡོད།
             ཁོང་གཉིས་ནི་གཟིགས་ཞིབ་དང་ལེན་ཞུ་བའི་དཔུང་ཁག་གི་ཁྲོད་དུ་མེད་ཀྱང་། རྒྱལ་ཁབ་ཀྱི་མཛད་སྒོ་གཟབ་རྒྱས་དེར་མེད་དུ་མི་རུང་བའི་“མངོན་མེད་སྟོབས་ཤུགས་”དང“འགན་ལེན་དམག་ཧྲག”ཡིན།
             མེང་ཁྲེང་ཅུན་ནི་རོང་བྲག་རྫོང་སྒོ་ཕྱེད་གྲོང་རྡལ་བླ་མ་དགོན་གྲོང་ཚོ་ནས་ཡིན་པ་དང་ད་ལོ་ལོ26ཟིན་ཞིང་། ད་ལོ་ནི་ཁོང་དམག་དཔུང་དུ་ཞུགས་པའི་ལོ9པ་རེད། མེང་ཁྲེང་ཅུན་གྱི་ཨ་ཕ་མེང་ཁྲང་ཧྲོའུ་ཡིས་གསར་འགོད་པར། བུ་ཡི་མིང་ལ་ ‘ཁྲེང་ཅུན’ཞེས་བཏགས་པ་ནི་བུས་བཅིངས་འགྲོལ་དམག་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་བྱ་རྒྱུའི་རེ་བ་བཅངས་པས་ཡིན། སྔོན་ཆད་བུའི་སྤོ་བོ་ལགས་ཀྱིས་རྟག་ཏུ་བུ་ལ་བཅིངས་འགྲོལ་དམག་གི་གཏམ་རྒྱུད་བཤད་ཀྱི་རེད་ཅེས་གསུངས་ཡོད།

             ལི་ལིའང་ཁྲེང་ནི་ད་ལོ་ལོ31ཡིན་པ་དང་རོང་བྲག་རྫོང་སྒོ་ཕྱེད་གྲོང་རྡལ་ཅ་སྒ་གྲོང་ཚོ་ནས་ཡིན་ཞིང་། ཁོང་ཡང་དམག་དཔུང་དུ་ཞུགས་ནས་ལོ9ཕྱིན་ཡོད། ཁོང་གི་ཨ་ཕ་ལི་ཡོན་ཧྥུ་ནི་ཏང་ནང་ཞུགས་ནས་ལོ20ལྷག་ཙམ་ཟིན་པའི་ཏང་ཡོན་རྒན་གྲས་ཤིག་ཡིན་པ་དང་། དེ་སྔོན་དྲག་ཆས་ཡུལ་དམག་ནང་ལོ8ཞུགས་མྱོང་ཡོད། ཁོང་གིས་སྐབས་དེར་ཝེ་ཐེ་ནམ་ལ་དམིགས་པའི་རང་སྲུང་རྒོལ་ལན་སྤྲོད་པའི་དམག་འཐབ་ནང་ཞུགས་རྒྱུའི་མིང་ཐོ་བཀོད་ཀྱང་ཞུགས་ཐུབ་མ་སོང་། དེ་ངའི་མི་ཚེ་གང་བོའི་བློ་ཕམ་སྐྱེས་དགོས་པའི་དོན་དག་ཅིག་རེད། དེར་བརྟེན་ངས་ཕོ་རྒོད་པོ་ཡིན་ན་དམག་མི་བྱེད་དགོས་ཞེས་བུ་གཉིས་ལ་ཆུང་དུས་ནས་སློབ་གསོ་རྒྱག་གི་ཡོད་ཅེས་གསུངས།

             རོང་བྲག་རྫོང་སྒོ་ཕྱེད་གྲོང་རྡལ་གྱི་ཆེད་ལས་དྲག་ཆས་ལས་སྒྲུབ་པ་ཧྲའོ་ཀྲང་མིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་ཟླ7པར་རོང་བྲག་རྫོང་མི་དམངས་དྲག་ཆས་པུའུ་ཡིས་སྒོ་ཕྱེད་གྲོང་རྡལ་ཏང་ཨུད་སྲིད་གཞུང་དང་མཉམ་འབྲེལ་ཐོག་མེང་ཁྲེང་ཅུན་དང་ལི་ལིའང་ཁྲེང་གི་ཁྱིམ་དུ་བསྐྱོད་ནས་ཁོང་གཉིས་ལ་མི་སྒེར་གྱི་བྱས་རྗེས་རིམ་པ་གསུམ་པའི་གཟེངས་བསྟོད་བྱས་ཡོད་པ་དང་། ན་ནིང་འཐབ་འཛིང་པ་དེ་གཉིས་ཀྱིས་དམག་དཔུང་ནང་བྱས་རྗེས་མངོན་གསལ་དོད་པོ་བཞག་པ་དེས། ཁོང་གཉིས་དམག་གཟིགས་ཀྱི་འགན་སྲུང་རུ་མིར་འགྱུར་བར་རྨང་གཞི་བཟང་པོ་བཏིང་ཡོད།

             དམག་གཟིགས་འགན་སྲུང་རུ་མིར་ངེས་པར་དུ་ཆབ་སྲིད་བྱང་ཚད་དང་། དམག་དོན་བྱང་ཚད། ཆེད་ལས་རྩལ་ནུས་བཅས་ཕྱོགས་མང་པོའི་ཐད་ཀྱི་བྱང་ཚད་མཐོ་པོ་དགོས་ཀྱི་ཡོད་པས། དཀར་མཛེས་ཀྱི་བོད་རིགས་དམག་མི་གཉིས་ཕུལ་བྱུང་དམག་མི་མང་པོའི་ཁྲོད་ནས་བདམས་ཐོན་བྱུང་བ་དེས་ཁོང་གཉིས་པོར་རྩལ་ནུས་དང་བྱང་ཚད་མཐོ་པོ་ལྡན་པ་ར་སྤྲོད་གང་ལེགས་བྱས་ཡོད་ལ། ཁོང་གཉིས་པོས་ཀྱང་བོད་རིགས་གཞོན་ནུའི་རྒྱལ་སྲུང་ལ་ཞུགས་པ་དང་མེས་རྒྱལ་ལ་ཞབས་འདེགས་ཞུ་བའི་བློ་སེམས་བརྟན་པོ་བཅངས་ནས། བྱེད་ཐབས་གཞན་ཞིག་གི་ཐོག་ནས་མེས་རྒྱལ་དང་མི་དམངས་ཀྱི་གཟིགས་ཞིབ་དང་ལེན་ཞུས་པ།