“བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ60འཁོར་བའི་རྟེན་འབྲེལ་ཚོགས་ཆེན་མཛད་སྒོར་བལྟ་འདོད་ཆེན་པོ་བྱུང་བས། ངས་རླངས་འཁོར་བཏང་ནས་ཉིན་གཉིས་སོང་རྗེས་ལྷ་སར་འབྱོར་བྱུང”ཞེས་ཟླ8པའི་ཚེས21ཉིན་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ60འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་འཚོགས་པའི་སྐབས་འདིར། ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་ཤག་གཉིས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཞུང་ཝེ་ལུང་གིས་དགའ་ཚོར་ཆེན་པོས་རླངས་འཁོར་བཏང་ནས་བར་ཐག་སྤྱི་ལེ་ཆིག་སྟོང་ཙམ་ཡོད་པའི་ལྷ་སར་བསྐྱོད་དོན་ནི་མི་སེམས་འགུལ་བའི་ལོ་རྒྱུས་ཀྱི་དུས་བཟང་དེ་བདེན་དཔང་བྱ་ཆེད་རེད། ཚོགས་རར་དངོས་སུ་འཛུལ་ཐུབ་མེད་ཀྱང་ཁོང་གིས་མགྲོན་ཁང་གི་ཉི་གཡབ་ནས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་ལ་རྒྱང་ལྟ་བྱེད་སྐབས། དགའ་ངུ་ཤོར་བཞིན་དུ“འདི་དག་ལས་ཏང་དང་རྒྱལ་ཁབ་ཀྱིས་ཐོག་མཐའ་བར་གསུམ་དུ་ང་ཚོ་མཐའ་མཚམས་ཀྱི་མང་ཚོགས་ལ་ཐུགས་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ་ཤེས་ཐུབ”ཞེས་བབ་ཆགས་ལ་ཟོལ་མེད་ཀྱི་སྐད་ཆ་དག་ལས་མཐའ་མཚམས་མང་ཚོགས་ཚོས་ཏང་ཀྲུང་དབྱང་ལ་དྲིན་ཚོར་ཆེན་པོ་བྱེད་པ་མཚོན་ཐུབ།
“བཟས་སྡོད་ཚང་མ་གུང་ཁྲན་ཏང་གིས་གནང”--མཐའ་མཚམས་གྲོང་ཚོའི་འགྱུར་ལྡོག་སྐོར་བཀོད་པ།
ཤག་གཉིས་གྲོང་ཚོ་ནི་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་གྱི་ཀྲུང་གོ་དང་རྒྱ་གར་གྱི་ས་མཚམས་སུ་གནས་ཤིང་། དེ་ནི་དུད་ཚང43དང་མི178ལས་མེད་པའི་ཏེང་པ་བ་འདུས་སྡོད་གྲོང་ཚོ་ཞིག་ཡིན། འདས་ཟིན་པའི་ལོ་བཅུ་ཕྲག་ཁ་ཤས་རིང་གནས་དེར་སྤྱིལ་བུ་ནས་ཨར་འདམ་ཁང་པ་བར། འདམ་རྫབ་ལམ་ནས་ཨར་འདམ་ལམ་བར། ཆུ་གློག་དཀོན་པ་ནས་ཁྱིམ་ཚང་ཚང་མར་དྲ་དང་དྲོད་རླངས་མཁོ་འདོན་ཐུབ་པའི་བར་གྱི་འགྱུར་ལྡོག་ཤུགས་ཆེན་བྱུང་ཡོད། 2018ལོར་རྒྱལ་ཁབ་ཀྱི་ཆེད་དངུལ་རྒྱབ་སྐྱོར་འོག གྲོང་ཚོ་ཡོངས་ཀྱི་སྡོད་ཁང་གཅིག་གྱུར་སྒྱུར་བཀོད་ལེགས་གྲུབ་བྱུང་ནས། གྲོང་མི་ཚང་མ་བདེ་འཇགས་དང་སྐྱིད་སྣང་དོད་པའི་དེང་རབས་ཅན་གྱི་ཨར་འདམ་ལྕགས་རྩིབ་མའི་ཁང་པ་གསར་པར་སྡོད་རྒྱུ་བྱུང་བ་དང་། རང་འབབ་ཆུ་ཀ་ལ་དང་། ཆུ་བསྲོ་ཆས། འཁྲུས་ཁང་། འོད་སྐུད་སོགས་ཆ་ཚང་པོ་ཡོད་ལ། སྡོད་མལ་ཁོར་ཡུག་ཀྱང་ལེགས་སུ་ཤུགས་ཆེན་ཕྱིན་ཡོད། ཞུང་ཝེ་ལུང་གིས“བཟས་སྡོད་ཚང་མ་གུང་ཁྲན་ཏང་གིས་གནང་བ་ཡིན། ད་ལྟ་སྡོད་གནས་ཡག་པོ་ཡོད་པ་མ་ཟད། ད་དུང་སྒོ་འགྲམ་ནས་ཡོང་འབབ་ཀྱང་འཚོལ་ཐུབ་ཀྱི་འདུག”ཅེས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད།
ཤག་གཉིས་གྲོང་ཚོའི་ཁྱིམ་ཚང་ཞིག་གི་ཐོག་བརྩེགས་གཉིས་པའི་ཉི་གཡབ།
ཞུང་ཝེ་ལུང་ནི་གྲོང་ཚོ་ནང་གི་འདེབས་འཛུགས་མཁས་པ་ཞིག་ཡིན་ཞིང་། ཁམ་བུ་སྨི་ཧོའུ་འདེབས་འཛུགས་བྱས་པ་བརྒྱུད་ད་ལོ་ཡོང་འབབ་སྒོར་ཁྲི20ལྷག་ཙམ་བྱུང་ཡོད། ཤག་གཉིས་གྲོང་ཚོའི་ཀ་རྟེན་རང་བཞིན་གྱི་ཐོན་ལས་ཞིག་ཡིན་པའི་ཁམ་བུ་སྨི་ཧོའུ་ལ་ལོ་བཅུ་ལྷག་ཙམ་གྱི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལྡན་ཡོད་ལ། གྲོང་མི་ཚོར་ཡང་དཔལ་འབྱོར་གྱི་ཡོང་འབབ་བརྟན་པོ་ཞིག་བཏོད་ཡོད། མིག་སྔར་ཤག་གཉིས་གྲོང་ཚོར་ཁམ་བུ་སྨི་ཧོའུ(ཅིན་ཡན་དང་ཅིན་ཡུས)མུའུ360ལྷག་ཙམ་འདེབས་འཛུགས་བྱས་པ་དང་། རྟེན་གཞིར་མུའུ280ལྷག་ཙམ་ཡོད་པ། མང་ཚོགས་ཀྱིས་མུའུ80ལྷག་ཙམ་འདེབས་འཛུགས་བྱས་ཡོད། རྟེན་གཞིར་ཚ་ལུ་མ་མུའུ40འདེབས་འཛུགས་བྱས་ཡོད་པ་དང་། གྲོང་ཚོའི་མཉམ་སྡེབ་ཀྱིས་ལོ་ལྟར་ཁེ་སྤོགས་སྒོར་ཁྲི35བགོ་བཤའ་རྒྱག་གི་ཡོད་ལ། ད་ལོ་དུད་ཚང་རེར་ཁེ་སྤོགས་སྒོར7300བགོ་བཤའ་བརྒྱབ་ཡོད། ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དེས་གྲོང་མིར་འབབ་འཕར་བཏོད་པ་མ་ཟད་འཚོ་བར་ཡང་རེ་སྒུག་དེ་བས་ཆེ་རུ་ཕྱིན་ཡོད།
“སྤྱི་ཁྱབ་ཧྲུའུ་ཅི་ཕེབས་བྱུང”--ཀྲུང་དབྱང་གི་ཐུགས་ཁུར་གྱིས་མི་སེམས་ལ་དྲོ་སྐྱིད་སྦྱིན་པ།
ཟླ8པའི་ཚེས21ཉིན་གྱི་རྟེན་འབྲེལ་ཚོགས་ཆེན་གྱི་ཉིན་དེར་ཞུང་ཝེ་ལུང་དང་གྲོགས་པོ་ཚོས་ལྷ་སའི་གྲོང་ཁུལ་གྱི་མཐོ་རིམ་མགྲོན་ཁང་ཞིག་གི་ཁང་པ་མངགས་ཏེ། རྒྱང་རིང་ནས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་ཐོག་གི་མི་ཚོགས་དང་གྲལ་བསྟར་སྒྲིག་པའི་གཟབ་འཁོར་ལ་ལྟ་རྒྱུ་ལས་མ་འདས་ཀྱང་སྔར་བཞིན་དགའ་ཚོར་ཆེན་པོ་བྱེད་ཀྱི་ཡོད། ས་གནས་ས་ཐོག་གི་གནས་ཚུལ་དངོས་ལ་རྒྱུས་ལོན་དེ་བས་གསལ་པོ་བྱ་ཆེད། ཁོང་གིས་སྒེའུ་ཁུང་གི་ཕྱི་རོལ་ལ་རྒྱང་ལྟ་བྱེད་ཞོར་དུ་བརྙན་འཕྲིན་གྱི་ཐད་གཏོང་ལ་ལྟ་བཞིན་འདུག ཐད་གཏོང་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཟུགས་བརྙན་མངོན་སྐབས། ཁོང་དགའ་ངུ་རང་དབང་མེད་པར་ཤོར་བཞིན་དུ“སྤྱི་ཁྱབ་ཧྲུའུ་ཅི་སྐུ་ངོ་མ་བོད་ལྗོངས་སུ་ཕེབས་པ་ནི་ང་ཚོར་དོ་ཁུར་ཆེན་པོ་གནང་བ་ཞིག་རེད”ཅེས་བཤད།
དེ་དང་ཆབས་ཅིག་ཤག་གཉིས་གྲོང་ཚོའི་རིག་གནས་ཁང་དུ་གྲོང་སྡོད་ལས་བྱེད་པ་དང་ཏེང་པ་བའི་མང་ཚོགས་མཉམ་དུ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ60འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་ཐད་གཏོང་ལ་བལྟ་བཞིན་ཡོད། གྲོང་མི་ཚོས་ལས་ཀ་མཚམས་བཞག་སྟེ་ལག་ཐོགས་ཁ་པར་བརྒྱུད་ཐད་གཏོང་ལ་ལྟ་བཞིན་ཡོད། བརྙན་འཕྲིན་ནང་སྤྱི་ཁྱབ་ཧྲུའུ་ཅིས་མང་ཚོགས་ལ་ཕྱག་གཡུག་གཡུག་གནང་བ་མངོན་སྐབས་ཚང་མ་དགའ་ཚོར་ཆེན་པོ་བྱེད་ཅིང་། གྲོང་ཚོའི་བུད་མེད་ཀྲུའུ་རེན་དབྱི་ཆིང་གིས “སྤྱི་ཁྱབ་ཧྲུའུ་ཅི་བོད་ལྗོངས་སུ་ཕེབས་ཡོང་བསམ་པ་མ་བྱུང་། དངོས་གནས་ལྕག་སྐུལ་ཆེན་པོ་ཐེབས་བྱུང”ཞེས་བཤད། ཁོང་ནི་ཕྲུ་གུ་ལྔའི་ཨ་མ་དང་ལོ་བདུན་ཅུ་ལྷག་ཙམ་ལ་སླེབས་པའི་རྒན་རྒོན་གྱི་མནའ་མ་ཡིན་པ་མ་ཟད། བོད་རང་སྐྱོང་ལྗོངས་ཀྱི་གཞི་རིམ་གྱི་སྒྲོག་འགྲེལ་པ་དང་གྲོང་ཚོའི་རིག་རྩལ་རུ་ཁག་གི་རུ་དཔོན་ཡང་ཡིན། ཁོང་གིས་བབ་ཆགས་པའི་ཡུལ་སྐད་ལ་བརྟེན་ནས་ཏང་གི་སྲིད་ཇུས་གསལ་འགྲེལ་བརྒྱབ་སྟེ་མང་ཚོགས་ཚོའི་སེམས་སུ་གཏིང་ཟབ་ཟུག་པར་བྱེད་པ་དང་། ཁོང་གིས་སྤྲོ་སེམས་རབ་ཏུ་འཁོལ་བའི་གླུ་གར་ལ་བརྟེན་ནས་དུས་ཆེན་གྱི་སྤྲོ་སྣང་དང་དྲིན་ཚོར་གྱི་བསམ་པ་མཚོན་ཐབས་བྱེད་ཀྱི་ཡོད། “ང་ཚོས་རང་ཉིད་ཀྱིས་རྒྱུས་མངའ་ཆེ་ཤོས་ཀྱི་ཡུལ་སྐད་ཐོག་ནས་ཏང་གི་སྲིད་ཇུས་དང་བཀའ་དྲིན་གསལ་འགྲེལ་དང་བརྒྱུད་སྤྲོད་བྱས་ནས། བྱིས་པ་ཚོས་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་དག་གང་ནས་འབྱུང་བ་དང་དེ་དག་སུས་གནང་བ་ཤེས་སུ་འཇུག་དགོས”ཞེས་བཤད།

ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགོད་པས་ཤག་གཉིས་གྲོང་ཚོའི་བུད་མེད་ཀྲུའུ་རེན་དབྱི་ཆིང(གཡོན་གྱི་གཉིས་པ)དང་ཤག་གཉིས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཞུང་ཝེ་ལུང(གཡོན་གྱི་གསུམ་པ)དང་ཅི་འཕྲོས་མོལ་འཕྲོས་བྱེད་བཞིན་པ།
“བདེ་སྐྱིད་ལྡན་དུས་གུང་ཁྲན་ཏང་བརྗེད་མི་རུང”--དྲིན་ཚོར་འབད་འབུངས་ཀྱིས་འབྱུང་འགྱུར་ཕྱོགས་སུ་བསྐྱོད་པ།
“སྔོན་ཆད་ང་ཚོ་སྤྱིལ་བུའི་ནང་སྡོད་པ་དང་ད་ལྟ‘ཐོག་ཁང་ཆུང་ཆུང’ནང་སྡོད་ཀྱི་ཡོད། ཕྲུ་གུ་ཚོ་སློབ་ཡོན་མི་དགོས་པར་བུ་བཅོལ་ཁང་ནས་མཐོ་འབྲིང་བར་འགྲིམ་ཐུབ་པ། སྨན་བཅོས་ཐད་འགན་སྲུང་ཡོད་པ། ཆ་རྐྱེན་དང་འཚམ་པའི་མཐའ་མཚམས་ཀྱི་གྲོང་མི་མི་རེར་ལོ་རེར་ཁ་གསབ་སྒོར8300ལེན་རྒྱུ་ཡོད”ཅེས་ཞུང་ཝེ་ལུང་གིས་མཛུབ་རྩིས་རྒྱག་བཞིན་དུ་བཤད། ཁོང་གིས“གུང་ཁྲན་ཏང་མེད་ན་ཏེང་པ་བའི་དེ་རིང་མེད། བདེ་སྐྱིད་ལྡན་དུས་གུང་ཁྲན་ཏང་བརྗེད་མི་རུང་། བདེ་སྐྱིད་ལྡན་པའི་འཚོ་བ་དེ་དག་ནི་ཏང་གིས་གནང་བ་ཡིན”ཞེས་བབ་ཆགས་པའི་སྐད་ཆའི་ཐོག་ནས་ཤག་གཉིས་གྲོང་ཚོའི་ལས་བྱེད་པ་དང་མང་ཚོགས་ཚོས་ཏང་ལ་བཅངས་པའི་དྲིན་ཚོར་གྱི་བསམ་པ་དག་བརྗོད།
མིག་སྔར། ཤག་གཉིས་གྲོང་ཚོར་ཁམ་བུ་སྨི་ཧོའུ་སླར་ཡང་འཐུ་དུས་ཐོན་པ་དང་། ཡལ་གའི་ཐོག་གསེར་མདོག་གི་འབྲས་བུའི་ཁུར་གྱིས་ལྕི་ཞིང་། ཞུང་ཝེ་ལུང་ལའང་འཆར་གཞི་གསར་པ་ཞིག་ཡོད་པ་ནི“ཐོན་ལས་བརྟན་པོ་བྱུང་བ་དང་ཟས་གོས་ཐད་སེམས་ཁྲལ་མེད་པས། ང་ཚོས་གྲོང་ཚོ་སྔོ་འགྱུར་གྱིས‘མཐའ་མཚམས་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ་དུ་འགྱུར་བ་བྱ་རྒྱུ”དེ་ཡིན། ས་གནས་དེ་གའི་གནམ་གཤིས་ཀྱི་ཆ་རྐྱེན་ཡག་པོར་བརྟེན་ད་ལྟའི་ཤག་གཉིས་གྲོང་ཚོ་འདི་ཉིད་སྔོ་ལྗང་གཡུ་ཡི་གོས་བཟང་བཀླུབས་པ་དང་གང་སར་ཀྭ་རིགས་དང་ཤིང་ཏོག་གི་དྲི་ཞིམ་གྱིས་ཁེངས་ཡོད་ལ། གྲོང་མི་ཚོས་ཀྱང་སེམས་ཤུགས་གཅིག་སྒྲིལ་གྱིས་དེ་བས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པའི་དམིགས་ཚད་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་མཆིས།
ཤག་གཉིས་གྲོང་ཚོའི་ཁམ་བུ་སྨི་ཧོའུ་ཡི་འདེབས་འཛུགས་རྟེན་གཞི།
རི་ཀླུང་མང་པོ་བརྒལ་བའི་ཉིན་གཉིས་ཀྱི་ལམ་ཐག་གིས་མེས་རྒྱལ་ལ་བཅངས་པའི་ལྷག་བསམ་འགོག་ཐབས་བྲལ། བོད་ལྗོངས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་ཆེན་པོ་འདིའི་ཐོག་ཞུང་ཝེ་ལུང་དང་འདྲ་བའི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་དཀྱུས་མ་གྲངས་ལས་འདས་པ་ཞིག་གིས་ཆེས་བབ་ཆགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཏང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་བ་ཟབ་མོ་མཚོན་བཞིན་ཡོད། ཤག་གཉིས་གྲོང་ཚོའི་ལས་བྱེད་པ་དང་མང་ཚོགས་ཚོའི་སྙིང་གཏམ་དག་ནི་བོད་ལྗོངས་ཀྱི་ཞིང་འབྲོག་པ་ཁྲི་སྟོང་མང་པོས་ཏང་ལ་དྲིན་ཚོར་དང་། དུས་རབས་གསར་པ་བསུ་བ། རྒྱང་ལམ་གསར་པར་འབད་འཐབ་བྱེད་པ་བཅས་ཀྱི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་ཡིན། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིས་རླངས་འཁོར་བཏང་ནས་ལེ་དབར་སྟོང་གི་སར་འདུ་ཚོགས་ལ་ལྟ་བར་བསྐྱོད་པའི་འགྱུར་མེད་ཀྱི་སེམས་པ་ནས་གྲོང་རྣམ་གསར་རྐྱང་དུ་འགྱུར་བའི་འཕོ་འགྱུར་བར། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་མཁས་མཛངས་རླབས་ཆེན་ར་སྤྲོད་བྱས་པ་དང་། གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་ཚོས་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་འབྱུང་འགྱུར་གཏོད་པའི་ཡིད་ཆེས་བརྟན་པོ་མངོན་ཡོད། རི་ཆུ་བརྒལ་བའི་ལྷག་བསམ་དང་དགའ་ཞེན་དེ་ནི་སྐལ་བཟང་མེ་ཏོག་དང་འདྲ་བར་ས་མཐོའི་ས་གཞི་གཤིན་པོར་རྩ་བ་ཚུགས་པ་དང་འདབ་བརྒྱ་ལྷུག་པོར་གྲོལ་ནས་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་ཏེ་གངས་ལྗོངས་ཀྱི་བུ་ཕྲུག་རྣམས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བའི་ཕྱོགས་སུ་བསྐྱོད་པའི་ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་ལ་འོད་སྣང་སྦྱིན་བཞིན་མཆིས།