ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ9པའི་ཚེས25ཉིན། ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་བོད་ལྗོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གླེང་སྟེགས་སྐབས་གཉིས་པ་ལྷ་སར་འགོ་ཚུགས། སྐབས་འདིའི་གླེང་སྟེགས་ཀྱིས“བློ་སྒྲིལ་སེམས་སྐྱེད། མཐུན་སྒྲིལ་ཡར་བརྩོན”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། སློབ་གསོ་པུའུ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་བཅས་ཀྱི་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་དང་། ནང་སོག་དང་། ཅང་སུའུ། ཀོང་ཞི། ཁྲུང་ཆིང་། སི་ཁྲོན། ཡུན་ནན། ཧྲའན་ཞི། ཀན་སུའུ། མཚོ་སྔོན་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་མི་རིགས་ལས་དོན་སྡེ་ཚན་གྱི་འབྲེལ་ཡོད་བློ་མཐུན་དང་ལྗོངས་ཕྱི་ནང་གི་ཆེད་མཁས་པ་མང་པོ་གདན་ཞུས་གནང་ཡོད།
བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གླེང་སྟེགས་སྟེང་དུ་ཤིས་ཚིག་སྒྲོན་བཞིན་པ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་འཚོགས་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས“ཟུང་འབྲེལ་གཉིས”མཐའ་འཁྱོངས་དང“སྤྱི་ཡོངས་གཉིས”ལ་དམིགས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཐོག་མའི་གསར་གཏོད་རང་བཞིན་གྱི་ཆོད་གཏམ་གལ་ཆེན་འདི་གསལ་པོར་བཏོན་ནས། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བློ་བཟང་རྒྱལ་མཚན་གྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ད་རེས་ཀྱི་གླེང་སྟེགས་འཚོག་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་དང་། གླེང་སྟེགས་ལ་ཞུགས་པའི་ཆེད་མཁས་པ་དང་རིག་གཞུང་ཞིབ་འཇུག་པ། མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་དག་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས། བློ་བཟང་རྒྱལ་མཚན་གྱིས། བོད་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཐུན་མོང་རང་བཞིན་དང་ཁྱད་པར་རང་བཞིན་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་མི་རིགས་ཁག་གི་འདུ་ཤེས། ཀྲུང་ཧྭའི་རིག་གནས་དང་མི་རིགས་ཁག་གི་རིག་གནས། དངོས་པོ་དང་བསམ་བློ་བཅས་ཀྱི“འབྲེལ་བ་ཆ་བཞི”ཡང་དག་པར་ཁོང་དུ་ཆུད་པ་དང་། གཙོ་རྐང་ལ་དམིགས་པ་དང་ལས་དོན་ལེགས་བཅོས་ཀྱི་བསམ་ཕྱོགས་དང་བྱེད་ཐབས་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་དང་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་བླང་བྱ་རྒྱུན་གཏན་གྱི་ལས་ཀར་མཉམ་འདྲེས་དང་རྒྱུན་གཏན་ནས་དམ་འཛིན་དངོས་འབྲེལ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་གསར་པར་ཟམ་མི་ཆད་པར་བརྟེན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་གསུངས།

བློ་བཟང་རྒྱལ་མཚན་གྱིས་གླེང་སྟེགས་ཐོག་ཤིས་ཚིག་སྒྲོན་བཞིན་པ།
བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། བོད་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ནས་གླེང་སྟེགས་སུ་ཞུགས་པའི་འགོ་ཁྲིད་དང་སྐུ་མགྲོན། གྲོགས་པོ་རྣམས་ལ་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་དང་། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་གཞག་ཁག་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་ལས་རིགས་ཁག་གི་མི་སྣར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཝང་ཅུན་ཀྲེང་གིས། ཏང་གི་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་བོད་ལྗོངས་ཀྱི་མི་རིགས་ལས་དོན་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་པར་འགན་ལེན་ཏན་ཏིག་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་རིག་གནས་ཀྱི་ཁྱིམ་གཞིས་འཛུགས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་ཆེད་བསམ་པའི་རིག་གནས་ཀྱིས་འདེགས་སྐྱོར་སྟོབས་ལྡན་མཁོ་འདོན་བྱེད་པ། མི་རིགས་ཁག་ཕྱོགས་ཡོངས་ནས་མཉམ་འདྲེས་བྱེད་པར་སྐུལ་འདེད་དང་མི་རིགས་ཁག་རྒྱ་ཁྱབ་ངང་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་ཡོང་བར་སྐུལ་འདེད་གཏོང་བ། མི་རིགས་ལས་དོན་ཁྲིམས་ལྟར་བཅོས་སྐྱོང་དང་མི་རིགས་ལས་དོན་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་སྐྲུན་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེའུ་གསར་པ་རྩོམ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས།

གླེང་སྟེགས་ཀྱི་ཡུལ་དངོས།
སྐབས་འདིའི་གླེང་སྟེགས་དུས་མཚམས་གཉིས་སུ་དབྱེ་ནས་སྤེལ་བ་སྟེ། ཟླ9པའི་ཚེས25ཉིན་བརྗོད་དོན་གཙོ་བོའི་གླེང་སྟེགས་ཡིན་པ་དང་། ཚེས26ཉིན་ལག་ལེན་གླེང་སྟེགས་དང་རིག་གཞུང་གླེང་སྟེགས་ཡིན། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དང་འབྲེལ་ཡོད་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་། ལྗོངས་ཕྱི་ནང་གི་ཆེད་མཁས་པ་དང་རིག་གཞུང་ཞིབ་འཇུག་པ་དག་གིས་བོད་ལྗོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཐད་ཐབས་འགོད་ཇུས་འདོན་བྱེད་པ་དང་འབད་འབུངས་ལྷུར་ལེན་གྱིས་སྟོབས་ཤུགས་གཅིག་སྒྲིལ་བྱ་རྒྱུ་རེད།