ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ནོར་འཛིན་སེའུ་འབྲུ་གཞུང་ལས་ཁང་གི་མི་སེམས་འགུལ་བའི་གཏམ་རྒྱུད།

སྤེལ་དུས 2025-09-29 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཀྲུང་གོའི་ས་བཀྲའི་སྟེང་ནས་ནུབ་ཕྱོགས་སུ་བལྟས་ཚེ། བོད་ལྗོངས་མངའ་རིས་ས་ཁུལ་གྱི་ས་ཨུད་སྲིད་འཛིན་ཧྲུའུ་གནས་ས་སྟེ། སེང་གེ་ཁ་བབས་གྲོང་རྡལ་མིག་ལམ་དུ་གསལ་ཡོང་། ས་འདིར་མེས་རྒྱལ་ལྷོ་ནུབ་མཐའ་མཚམས་ཀྱི་མུ་ཏིག་ཞེས་པའི་མཚན་སྙན་ནི་སེང་གེ་ཁ་བབ་ལ་བརྟེན་ནས་ཐོགས་པ་དང་། ལྷོ་རུ་རྒྱ་གར་དང་འབྲེལ་ཅིང་བྱང་ནས་རང་རྒྱལ་གྱི་ཤིན་ཅང་ལ་བསྐྱོད་པའི་བགྲོད་ལམ་གལ་ཆེན་ཞིག་རེད། སེང་གེ་ཁ་བབ་གྲོང་རྡལ་ནི་ཤིན་བོད་གཞུང་ལམ་གྱི་རྒྱུད་དུ་ཆགས་པའི་གྲོང་རྡལ་གལ་ཆེན་ཞིག་ཡིན་པའི་ཆ་ནས། ས་རྒྱ་ཆེ་ཞིང་མི་འབོར་ཉུང་ཡང་། མངའ་རིས་ས་ཁུལ་ལ་མཚོན་ན་ཡུལ་འདི་འདུ་འཛི་ཧ་ཅང་ཆེ་བའི་གནས་ཤིག་ཡིན་པ་དང་། བོད་ལྗོངས་དང་ཤིན་ཅང་གི་མངའ་ཁོངས་ཕན་ཚུན་འབྲེལ་མཐུད་བྱེད་པ་དང་མི་རྣམས་འགྲོ་འོང་ཆེས་མང་བའི་ས་ཆ་ཞིག་ཀྱང་ཡིན། དམིགས་བསལ་གྱི་ས་ཁམས་གནས་ཡུལ་དང་དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད། སེང་གེ་ཁ་བབ་གྲོང་རྡལ་ནི་མི་རིགས་སྣ་ཚོགས་མཉམ་དུ་འདུས་སྡོད་བྱེད་ས་དང་། མཉམ་དུ་འཚོ་བ་སྐྱེལ་ཏེ་ཕན་ཚུན་ཁ་བྲལ་མི་རུང་བའི་མཛའ་གཅུགས་ཀྱི་ཁྱིམ་གཞིས་ལྟ་བུར་གྱུར་ཡོད།
             མངའ་རིས་ས་ཁུལ་སྒར་རྫོང་སྤྱི་བདེ་ཅུས་གཙང་འགྲམ་སྤྱི་བདེ་མངགས་གཏོང་ཁང་ནི་སེང་གེ་ཁ་བབ་གྲོང་རྡལ་དུ་ཡོད་ཅིང་། དེ་ནི་མངའ་རིས་སྤྱི་བདེ་ལས་ཁུངས་ཀྱིས་བཙུགས་པ་སྔ་ཤོས་ཀྱི་གཞི་རིམ་གྱི་མངགས་གཏོང་ཁང་ཞིག་ཡིན་པས། དེའི་བདག་ཁོངས་ལ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ4.5དང་རྒྱུན་སྡོད་མི་འབོར7572དང་སྐབས་སྡོད་མི་འབོར12600ཡོད་དེ། བོད་དང་རྒྱ། ཡུ་གུར། ས་ལ། ཧུད་རིགས་སོགས་མི་རིགས10ལས་གྲུབ་པའི་འདུས་སྡོད་ཁུལ་ཞིག་ཡིན།
             མང་ཚོགས་ལ་འབྲེལ་འདྲིས་བྱེད་པ་ནི་གཞི་རིམ་མངགས་གཏོང་ཁང་གི་ལས་ཀ་གཙོ་བོ་ཡིན། གཙང་འགྲམ་སྤྱི་བདེ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པར་མཚོན་ན། མི་རིགས་མི་འདྲ་བ་དང་། དད་མོས་མི་འདྲ་བ། འཚོ་བའི་གོམས་སྲོལ་མི་འདྲ་བའི་མང་ཚོགས་ཁྲི2ཙམ་ལ་དོ་དམ་ཞབས་འདེགས་ཀྱི་ལས་དོན་སྤེལ་དགོས་པས་དངོས་གནས་དཀའ་ངལ་དང་རྙོག་འཛིང་ཆེ།
མངའ་རིས་སུ་ལས་ཀ་བྱེད་པའི་ཤིན་ཅང་གི་མང་ཚོགས་ཀྱིས་འདྲི་ཤོག་སྐོང་བཞིན་པ།
             “ང་ཚོས་རང་གི་བསམ་བློར་འགྱུར་ལྡོག་བཏང་ནས་བྱ་བ་རྣམ་པ་གསར་འབྱེད་བྱས་པ་ཡིན” གཙང་འགྲམ་སྤྱི་བདེ་མངགས་གཏོང་ཁང་གི་སུའོ་ཀྲང་གཞོན་པ་ལིའང་མུའུ་ཧུང་ན་རེ། “སྔོན་ཆད་དོ་དམ་གཙོ་བོར་འཛིན་བཞིན་ཡོད་ཀྱང་། ད་ལྟ་ཞབས་ཞུ་གཙོ་བོར་འཛིན་བཞིན་ཡོད། མང་ཚོགས་ཀྱི་དགོས་མཁོ་གང་དུ་ཡོད་ན་ང་ཚོའི་ཞབས་འདེགས་དེ་རུ་ཡོད”
             ནོར་འཛིན་ནི་གཙང་འགྲམ་སྤྱི་བདེ་མངགས་གཏོང་ཁང་གི་སྤྱིར་བཏང་གི་ལས་རོགས་ཉེན་རྟོག་པ་ཞིག་རེད། ཕ་ཡུལ་ཤིན་ཅང་ནས་ཡིན་པའི་མང་ཚོགས་མང་པོ་ཞིག་ལ་མཚོན་ན། མོ་ནི་ལྷག་བསམ་རྣམ་པར་དག་ཅིང་མིང་དོན་མཚུངས་པའི་གཅེན་མོ་ཞིག་ཡིན།
             “མོ་གཟའ་འཁོར་རེར་ང་ཚོའི་གམ་དུ་ཐེངས་གཉིས་ལ་ཡོང་ནས་རོགས་རམ་བྱེད་དགོས་པའི་གནད་དོན་ཅི་ཞིག་ཡོད་མེད་ལ་ལྟ་བཞིན་ཡོད། དེ་ལྟར་དུས་ཡུན་རིང་པོ་ཞིག་གི་ནང་དུ་ང་ཚོ་ཚང་མ་ཁྱིམ་ཚང་གཅིག་ལྟར་འགྱུར་ཡོད”ཅེས་མངའ་རིས་སུ་ཁ་ཧྲི་ཟ་ཁང་ཆེན་པོ་གཉེར་མཁན་ཤིན་ཅང་ཡེ་ཁྲེང་གི་གཞོན་ནུ་ནུའར་ཨ་ལི་མུའུ·ཨའེ་ཧོ་མའེ་ཐིས་ནོར་འཛིན་གླེང་སྐབས་སུ་མོ་ལ་རྒྱུས་མངའ་ཆེ་བ་དང་སྙིང་ཉེ་བའི་རྣམ་པ་བསྟན་བྱུང་། “སྐབས་དེ་དུས་ང་ཚོ་ས་ཆ་འདིར་སླེབས་མ་ཐག་ཡིན་པས། འདི་གའི་སྲིད་ཇུས་ལ་རྒྱུས་མངའ་མེད་པ་དང་། ངའི་གཅེན་པོའི་ཕྲུ་གུ་ཇི་ལྟར་སློབ་གྲྭར་གཏོང་དགོས་མིན་ཡང་མི་ཤེས་པས། དངོས་གནས་སེམས་ཁྲལ་འདུག ཨ་ཅག་ནོར་འཛིན་གྱིས་གནས་ཚུལ་དེ་ཤེས་རྗེས་སུ་འབྲེལ་ཡོད་སྡེ་ཚན་ལ་ཡར་ཞུ་ཞུས་པས་ཕྲུ་གུ་བདེ་བླག་ངང་སློབ་གྲྭར་འགྲོ་ཐུབ་བྱུང”
མངའ་རིས་སུ་ཁ་ཧྲི་ཟ་ཁང་ཆེན་པོ་གཉེར་མཁན་ཤིན་ཅང་ཡེ་ཁྲེང་གི་གཞོན་ནུ་ནུའར་ཨ་ལི་མུའུ·ཨའེ་ཧོ་མའེ་ཐི།
             འདི་ལྟ་བུའི་དཔེ་མཚོན་ཤིན་ཏུ་མང་པོ་ཡོད། ནོར་འཛིན་གྱི་ངོས་ནས་བརྗོད་ན། མངའ་རིས་སུ་ཁེར་རྐྱང་དུ་ལས་ཀ་ལས་བཞིན་པའི་ཤིན་ཅང་གི་ནད་པ་རྒན་རྒོན་ཚོར་བདག་སྐྱོང་བྱེད་པ་དང་། ལག་པ་སྐྱོན་ཅན་གྱི་བུ་མོར་རོགས་བྱས་ནས་སྨན་བཅོས་བྱེད་པ། སྦྲུམ་མར་འཚོ་བཅུད་དངོས་རྫས་ཉོ་བ་སོགས་ནི་མོས་ཕ་ཡུལ་དུ་རིང་དུ་གྱེས་པའི་ཡུལ་མི་ཚོར་རོགས་རམ་བྱེད་སྟངས་ཤིག་ཡིན་ལ། དེ་ཚོ་ནི་མོའི་གྲོགས་པོ་ཡིན་ལ་གཉེན་ཉེ་ཡང་ཡིན་པ་དང་། དེ་ཚོར་རོགས་རམ་བྱེད་པ་ནི་ལས་ཀའི་བླང་བྱ་རེད་ལ་རང་ཉིད་ཀྱི་བློ་འདོད་ཀྱང་ཡིན། ཉིན་ཐོག་ཟླ་བཞག་དང་ཟླ་ཐོག་ལོ་བཞག་གིས་མོས་འདི་ལྟར་བློ་རྩེ་གཅིག་སྒྲིམ་གྱིས་ལས་ཀ་ལས་བཞིན་པ་ཀུན་གྱི་མཐོང་ཆོས་སུ་གྱུར་བ་དང་། དེའི་ཤུགས་རྐྱེན་ལས་མང་ཚོགས་ཚོར་སྐུལ་ལྕག་ཆེན་པོ་ཐེབས་བཞིན་ཡོད།
ནོར་འཛིན་གྱིས་མང་ཚོགས་ལ་བུ་ཕྲུག་སློབ་གྲྭར་གཏོང་བའི་གནད་དོན་ཐག་གཅོད་བྱེད་རོགས་བྱེད་བཞིན་པ།
             2024ལོར་མངགས་གཏོང་ཁང་གིས་དེ་སྔའི་ཞབས་ཞུ་དོ་དམ་གཞུང་ལས་ཁང་གི་མིང་ནོར་འཛིན་སེའུ་འབྲུ་གཞུང་ལས་ཁང་ཞེས་པར་བསྒྱུར་ནས། གཙོ་བོ་ཁོངས་གཏོགས་ས་ཁུལ་གྱི་གྲངས་ཉུང་མི་རིགས་ལ་ཞབས་ཞུ་དང་སློབ་རོགས་སོགས་ཀྱི་བྱ་བ་སྒྲུབ་པའི་འགན་ཁུར་ཏེ། གྲངས་ཉུང་མི་རིགས་ཀྱི་གནས་སྤོར་མི་སྣར་ཞབས་ཞུ་བྱེད་པ་དེ་བྱ་བའི་འགོ་རྩོམ་ས་དང་གཞི་ཚུགས་སར་བྱས། 
             ནོར་འཛིན་སེའུ་འབྲུ་གཞུང་ལས་ཁང་གི་རྒྱུན་གཏན་གྱི་ལས་ཀའི་ཁྲོད་དུ། “འཕྲད་ཐེངས་གཅིག”དེ་མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་ཐབས་ཤེས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཅི་ཞིག་ལ་འཕྲད་ཐེངས་གཅིག་ཟེར་རམ་ཞེ་ན། ལིའང་མུའུ་ཧུང་ན་རེ། “དེ་ནི་རྒྱུན་དུ་མང་ཚོགས་དང་མཉམ་གནས་བྱེད་པར་ཟེར། དཔེར་ན། གལ་ཏེ་ཁོང་ཁོར་ཡུག་གཙང་སྦྲ་བྱེད་མཁན་ཞིག་ཡིན་པ་དང་ལམ་ཁར་གད་འཕྱིས་བྱེད་བཞིན་ཡོད་ན། ང་ཚོ་ཁོང་གི་སར་ཕྱིན་ནས་འཚམས་འདྲི་བྱས་པ་དེའང་ཐུག་འཕྲད་ཐེངས་གཅིག་ལ་བརྩི་གི་རེད། གལ་ཏེ་མང་ཚོགས་ཀྱིས་ཇ་ཁང་ཚོང་གཉེར་བྱེད་པ་དང་། ང་ཚོ་དེའི་སར་ཕྱིན་ནས་ཇ་ཕོར་གང་ཉོས་ཏེ་འཐུང་བ་དང་། ཁ་བརྡ་ཡང་བྱེད་ཆོག་པས། མི་དང་མིའི་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་འགྲོ་བ་ཡིན”ཞེས་འགྲེལ་བཤད་བྱས།
ནོར་འཛིན་སེའུ་འབྲུ་གཞུང་ལས་ཁང་།
             མང་ཚོགས་དཀའ་ངལ་ལ་འཕྲད་དུས་ཁོ་ཚོས་ཐོག་མར་ནོར་འཛིན་སེའུ་འབྲུ་གཞུང་ལས་ཁང་དྲན་གྱི་ཡོད། 2024ལོའི་ཟླ4པའི་ཚེས11ཉིན། མངའ་རིས་སུ་རྒྱུན་སྡོད་ཀྱི་ཀུའུ་ལི་ཉི་ཀ་ཨེར·མའེ་ཐི་རུའུ་ཙེའི་བུ་མོ་ཨའེ་ལི་ཧྥེ་རེ·ཨ་པུ་ལའེ་ཐིར་ལྷན་སྐྱེས་རང་བཞིན་གྱི་མཁྲིས་ལམ་ནད་བྱུང་ནས་མཁྲིས་པར་སེར་གྲམ་ཆགས་ཏེ་ཕོ་བ་ཇེ་ཆེར་སོང་། བཅོས་སྐྱོང་ཇུས་གཞི་གཅིག་པུ་ནི་མཆིན་པ་སྤོ་འཛུགས་གཤགས་བཅོས་བྱ་རྒྱུ་དེ་རེད། གནས་ཚུལ་དེ་ཤེས་རྗེས་སུ། ནོར་འཛིན་སེའུ་འབྲུ་གཞུང་ལས་ཁང་གི་ལས་དོན་མི་སྣས་འཕྲལ་དུ་བུ་མོ་ཆུང་ཆུང་དེར་སྨན་བཅོས་གྲོན་དངུལ་གྲབས་གསོག་བྱ་རྒྱུའི་རེ་ཞུ་བྱས་པ་དང་། མངགས་གཏོང་ཁང་གི་ཏང་ཡོན་དང་མི་དམངས་ཉེན་རྟོག་པ་ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་སྨན་བཅོས་གྲོན་དངུལ་སྒོར5000ལྷག་ཙམ་གྲབས་གསོག་བྱས་པ་དང་། ཨའེ་ལི་ཧྥེ་རེ·ཨ་པུ་ལའེ་ཐིར་མཐར་གཤགས་བཅོས་བྱས་ཐུབ།
             དུས་ཡུན་རིང་བོར་འབྲེལ་འདྲིས་བྱེད་པའི་རིང་ལ། ནོར་འཛིན་ལྟ་བུའི་མངགས་གཏོང་ཁང་གི་ཉེན་རྟོག་པ་དང་ཁོངས་གཏོགས་ཁུལ་གྱི་གྲངས་ཉུང་མི་རིགས་མང་ཚོགས་དང་ལྷག་པར་དུ་མངའ་རིས་སུ་ལས་ཀ་བྱེད་བཞིན་པའི་ཤིན་ཅང་གི་མང་ཚོགས་བར་མཛའ་བརྩེ་ཟབ་མོ་ཆགས་ནས། ཉིན་རེ་བཞིན་འགྲོ་འོང་བྱེད་པའི་ཁྲོད་འབྲེལ་བ་ཇེ་ཟབ་ཏུ་ཕྱིན་ལ། འབྲེལ་འདྲིས་གཏིང་ཟབ་བྱུང་ནས་ཕན་ཚུན་མཉམ་འདྲེས་བྱུང་ཡོད།  དཔྱིད་གསར་དུས་ཆེན་དང་། བོད་ལུགས་ལོ་གསར་སོགས་དུས་ཆེན་གལ་ཆེན་དག་གི་སྐབས་ལ་ཚང་མ་མཉམ་དུ་འཛོམས་ནས་ཟས་མཆོག་གི་རི་རབ་བརྩིགས་ནས་གླུ་གར་གྱི་རྒྱ་མཚོ་བསྐྱིལ་ཏེ་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་དར་རྒྱས་ཆེ་བའི་དུས་རབས་མཉམ་སྤྱོད་བྱེད་བཞིན་ཡོད།
             2018ལོར་ནོར་འཛིན་ལ་བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར་གྱི་མཚན་སྙན་ཐོབ་པ་དང་། 2019ལོར་ཁོང་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར་གྱི་མཚན་སྙན་ཡང་ཐོབ་ཡོད། ཁོ་མོ་ཡོད་སའི་གཙང་འགྲམ་སྤྱི་བདེ་མངགས་གཏོང་ཁང་དེ2022ལོར་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་དམངས་གཅེས་དཔེ་བཟང་མཉམ་སྡེབ་ལ་བདམས་པ་དང་། 2023ལོར་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ལས་ཁུངས་ཀྱི་གཟི་བརྗིད་མཚན་སྙན་ཡང་ཐོབ་ཡོད།
             དུས་རབས་གསར་པའི་གྲོང་ཁྱེར་གྱི་མི་རིགས་ལས་དོན་ཁྲོད་དུ། ནོར་འཛིན་སེའུ་འབྲུ་གཞུང་ལས་ཁང་གིས་སེམས་ཤུགས་ཡོད་རྒུ་སྤྱད་དེ། “མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི”ཐད་ལ་འབད་བརྩོན་བྱས་པ་དང་། “མི་སེམས་ལ་དྲོད་ཁོལ་སྦྱིན་པའི”ཐད་ལ་འབད་བརྩོན་བྱས་ཏེ། མང་ཚོགས་ཀྱི་འཕྲལ་མཁོ་དང་དཀའ་ངལ། རེ་སྒུག་བཅས་བྱེད་བཞིན་པའི་གནད་དོན་ཐག་བཅད་ནས། ཁོང་ཚོར་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞིས་ཆེན་པོའི་དྲོ་སྐྱིད་དངོས་སུ་ཚོར་དུ་བཅུག་ཡོད།