ཟླ་10ཚེས་29ཉིན་གྱི་སྔ་དྲོར། 2025·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ཉིང་ཁྲིར་འགོ་ཚུགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་འགོ་ཚུགས་མཛད་སྒོར་ཞུགས་ནས་ཤིས་ཚིག་གསུངས་པ།
ཟླ་10ཚེས་29ཉིན་གྱི་སྔ་དྲོར། 2025·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ཉིང་ཁྲིར་འགོ་ཚུགས་ཤིང་། འདི་ནི་འགོ་ཚུགས་མཛད་སྒོ་འཚོག་ཡུལ་ཡིན་པ།
  ཟླ་10ཚེས་29ཉིན་གྱི་སྔ་དྲོར། “མཛེས་པའི་བོད་ལྗོངས་འཕྲད། གངས་ལྗོངས་ལེའུ་གསར་རྩོམ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་2025·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ཉིང་ཁྲིར་འགོ་ཚུགས་པ་རེད།
  བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ་པུའུ་ཀྲང་གཞོན་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་ཀྲུའུ་རེན་མོ་ཀའོ་དབྱི་རྣམ་གཉིས་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡན་ཅིན་ཧའེ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ལིའུ་ཅང་ཚོགས་འདུར་ཞུགས་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
  ཀྲུང་གོར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཐུས་མི་དང་ཨེ་ཤེ་ཡ་ཤར་མའི་དོན་གཅོད་ཁང་གི་ཀྲུའུ་རེན་དང་འཐུས་མི་གཅིག་ལྕོགས་ཞ་ཙེ་ཧན་དང་། དབྱི་སའེ་ཁེ་ཧུའུ་ཀྲོའུ་རུ་བཅའ་སྡོད་ཁེར་གྷི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་དབང་ཆ་ཆ་ཚང་ཡོད་པའི་འཐུས་མི་རེ་ཅི་ཀེན་ནོའུ་ཧྥུའུ། སི་རི་ལན་ཁའི་ནོར་སྲིད་པུའི་དེ་སྔའི་རྒྱལ་དོན་པུའི་པུའུ་ཀྲང་ཞེ་ཧན·སའེ་མ་ཤིན་ཀེ དེ་སྔའི་དབྱིན་ཇིའི་རྒྱལ་ཚོགས་ཀྱི་དབྱི་ཡོན་གྲོས་མི་མཱ་ཁེ·ལུའོ་ཀེན། ནི་ཀྲེ་རི་ཡའི་ཙུང་ཐུང་གི་ལག་རྩལ་བློ་འདྲི་བ་ཀྲ་ཝུའུ་ལུའོ། ཝེ་ནེ་ཙུའེ་ལའི་འཕྲིན་གཏོང་དང་ཆ་འཕྲིན་པུའི་པུའུ་ཀྲང་གཞོན་པ་ཨ་ལེ་ཆི་ཏེ་བཅས་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།
  ཝང་ཅུན་ཀྲེང་གིས་ཤིས་ཚིག་གསུང་སྐབས། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ཏེ་ཚོགས་ཞུགས་སྐུ་མགྲོན་ཚོར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་དང་། རྒྱལ་ཁབ་ཕྱི་ནང་གི་ལས་རིགས་ཁག་གི་གྲོགས་པོ་ཚོས་དུས་ཡུན་རིང་པོར་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་གསུངས་དོན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་དུ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་ཏེ། མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་བ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞི་གཏན་འཁེལ་ཁ་གསལ་གནང་བ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་ཚད་བཏོན་གནང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་ལ་རྒྱུན་ཆད་མེད་པར་ཡར་རྒྱས་གསར་པ་ཡོང་བར་སྐུལ་འདེད་བཏང་གནང་ཡོད། 2025ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་ཞིག་རེད། ཟླ་8ཚེས་20དང་ཚེས་21ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོར་ཞུགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལས་དོན་སྙན་སེང་གསན་རྗེས་གསུང་བཤད་གལ་ཆེན་གནང་སྟེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། གོམ་སྟབས་རྗེས་མའི་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་ནས། ང་ཚོས་བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།
  ཝང་ཅུན་ཀྲེང་གིས་བསྟན་དོན། མིག་སྔར་བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་ནན་ཏན། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་དམ་འཛིན་ཡག་པོ་རྒྱུན་མཐུད་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ཧུར་ཐག་བྱེད་བཞིན་ཡོད། ང་ཚོས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ཏེ་ཞི་མཐུན་བརྟན་ལྷིང་གི་འཕེལ་རྒྱས་ཁོར་ཡུག་རྒྱུན་མཐུད་བཏོད་དེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། ཆོས་ལུགས་ལས་དོན་གྱི་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དུ་སྒྱུར་བར་ཤུགས་སྣོན་རྒྱག་པ། ཁྲིམས་ལྟར་བོད་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་གི་ནུས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ནས་ཡུན་རིང་བདེ་འཁོད་ལ་རྨང་གཞི་དེ་བས་བརྟན་པོ་འདིང་རྒྱུ་ཡིན། ང་ཚོས་སྒྱུར་བཅོས་ཟབ་གཏོང་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་སྟེ་དུས་རབས་གསར་པའི་ནུབ་རྒྱུད་ཐོན་འབྱེད་ཆེ་མོ་དང་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་གཉིས་དཔལ་འབྱོར་འཁོར་རྒྱ་སོགས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོའི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་དང་། སྒོ་འབྱེད་ལས་སྟེགས་འཐུས་སྒོ་ཚང་དུ་གཏོང་བ། སྤེལ་རེས་དང་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་ཡིན། ང་ཚོས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན། ང་ཚོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་བཙུགས་ཏེ་ལས་ཞུགས་དང་། སློབ་གསོ། སྨན་བཅོས། འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་སོགས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་མི་འབོར་གྱི་བྱང་ཚད་མཐོ་རུ་གཏོང་བ་དང་། མི་སེམས་གཅིག་ཏུ་སྒྲིལ་བ། ཤེས་ལྡན་པ་གསོ་སྐྱོང་བྱེད་པ་སོགས་ཀྱི་ཐད་འབད་བརྩོན་དེ་བས་ཆེན་པོ་བྱ་རྒྱུ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན།
  ཝང་ཅུན་ཀྲེང་གིས་གསུངས་དོན། ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ནི་བོད་ཀྱིས་འཛམ་གླིང་དང་འབྲེལ་མཐུད་དང་འཛམ་གླིང་གིས་བོད་ཤེས་རྟོགས་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་དང་། ཕྱོགས་ཁག་གི་བློ་གྲོས་གཅིག་སྡུད་དང་བོད་ཀྱི་འབྱུང་འགྱུར་མཉམ་གླེང་བྱེད་སའི་ལས་སྟེགས་གལ་ཆེན་ཞིག་ཡིན་པས། སྐུ་མགྲོན་རྣམ་པས་ཐབས་འདོན་ཇུས་འབུལ་དང་ཡང་དག་གནད་འཕིགས་ཀྱི་ལྟ་ཚུལ་ཧུར་ཐག་འདོན་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ལ། ཚང་མ་བོད་དུ་མང་ཙམ་གཟིགས་པར་ཕེབས་ནས་ང་ཚོ་དང་མཉམ་དུ་བོད་ལྗོངས་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་མཉམ་སྤྱོད་དང་མཉམ་དུ་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་འབྱུང་འགྱུར་གསར་པ་གསར་གཏོད་བྱེད་པར་ལྷག་བསམ་རྣམ་དག་གིས་གདན་ཞུ་བྱ་རྒྱུ་ཡིན།
  མོ་ཀའོ་དབྱི་ཡིས་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་ཚབ་ཞུས་ནས་གླེང་སྟེགས་འཚོགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་གསུངས་དོན། ཉིན་ཤས་གོང་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་རྒྱལ་ཁའི་ངང་འཚོགས་ཏེ“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་གནད་དོན་གལ་ཆེན་ཞིབ་འཇུག་བྱས་ནས་བཟོས་ཏེ། འབྱུང་འགྱུར་ལོ་ལྔའི་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཐབ་ཇུས་ཀྱི་འཆར་གཞི་བཀོད་ཡོད། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལས་འོད་སྟོང་རབ་ཏུ་འབར་བའི་མདུན་ལམ་མངོན་པ་དང་བོད་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཡང་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་སླེབས་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱུན་མཐུད་འབད་འཐབ་བྱེད་དགོས་ལ། ལས་རིགས་ཁག་གི་མི་སྣའི་ཐུགས་ཁུར་རྒྱབ་སྐྱོར་དང་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་དང་ཡང་ཁ་བྲལ་ཐབས་མེད། ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་འདི་ཉིད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ལྗོངས་རྒྱུས་ལོན་དང་། བོད་ལྗོངས་ལ་ལྟ་ཞིབ། བོད་ལྗོངས་ཤེས་རྟོགས་བཅས་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད། ལས་རིགས་ཁག་གི་གྲོགས་པོ་ཚོས་ལས་སྟེགས་འདི་བརྒྱུད་ནས་སྤེལ་རེས་ལ་ཤུགས་སྣོན་དང་མཉམ་ལས་ཟབ་ཏུ་གཏོང་བ་དང་། ཀྲུང་གོའི་བོད་སྐྱོང་དང་། བོད་བརྟན། བོད་དར་བཅས་ཀྱི་ཉམས་མྱོང་དང་བྱེད་སྟངས་ལ་རྗེས་སྙེགས་ཞིབ་འཇུག་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་བློ་གྲོས་དེ་བས་མང་བ་ལེགས་སྐྱེས་འབུལ་བར་དགའ་བསུ་ཞུ་རྒྱུ་ཡིན། སླད་ཕྱིན་ཁྱེད་ཚོ་ཚང་མ་བོད་དུ་གཟིགས་པར་མང་ཙམ་ཕེབས་པ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མྱོང་ཚོར་དང་བསམ་ཚུལ་མང་ཙམ་གསན་པ། དུས་རབས་གསར་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་དང་ཡར་རྒྱས་ཀྱི་དཔང་པོ་གནང་རྒྱུ་དང་ཟིན་ཐོ་འགོད་པ། བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པར་དོ་ཁུར་དང་རྒྱབ་སྐྱོར་བྱེད་པ། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་ཐུན་མོང་ཐོག་རོགས་སྐུལ་དང་ཀྲུང་གོའི་བོད་ལྗོངས་དང་འཛམ་གླིང་དབར་གྱི་འབྲེལ་གཏུག་དང་སྤེལ་རེས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།
  འགོ་ཚུགས་མཛད་སྒོའི་ཐོག་ཀྲུང་གོར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཐུས་མི་དང་ཨེ་ཤེ་ཡ་ཤར་མའི་དོན་གཅོད་ཁང་གི་ཀྲུའུ་རེན་དང་འཐུས་མི་གཅིག་ལྕོགས་ཞ་ཙེ་ཧན་དང་། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའི་པུའུ་ཀྲང་གི་ལས་རོགས་ཅིན་ཤིན། དབྱི་སའེ་ཁེ་ཧུའུ་ཀྲོའུ་རུ་བཅའ་སྡོད་ཁེར་གྷི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་དབང་ཆ་ཆ་ཚང་ཡོད་པའི་འཐུས་མི་རེ་ཅི་ཀེན་ནོའུ་ཧྥུའུ། ཀྲུང་དབྱང་བོད་ལྗོངས་ལས་དོན་མཐུན་སྦྱོར་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་དགྲ་འདུལ། ཀྲུང་གོར་བཅའ་སྡོད་ཐི་མོར་ཤར་མའི་གཞུང་ཚབ་ཆེ་མོ་བ་ལུའོ་རུའེ། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་རྒྱུན་ལས་ཧྲུའུ་ཅི་དང་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཞུས་ཞའོ། ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་ཀྱི་ཅུས་ཀྲང་ཁྲང་པོ་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་བ་རེད།
  ད་ཐེངས་ཀྱི་གླེང་སྟེགས་དེ་བོད་ཀྱིས་གཙོ་གཉེར་བྱས་པ་དང་། འགོ་ཚུགས་མཛད་སྒོ་དང་། གླེང་སྟེགས་གཙོ་བོ། དེ་བཞིན“ཡུལ་བབ་དང་བསྟུན་ནས་ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས”དང་། “འཛམ་གླིང་ཡང་རྩེའི་ལྗང་མདོག་ཁྱིམ་གཞིས་སྲུང་སྐྱོང”“དུས་རབས་ཀྱི་གཞོན་ནུས་ས་མཐོར་འབད་འཐབ་དང་འགན་འཁྲི་འཁུར་བ”བཅས་ཆེད་དོན་གླེང་སྟེགས་3ལས་གྲུབ་པ། དེ་དང་དུས་མཚུངས་སུ“བོད་ཀྱི་རྒྱལ་སྤྱིའི་བརྒྱུད་སྤེལ་ཚོགས་ཆེན”སྐབས་དང་པོ་འཚོག་རྒྱུ་བཅས་རེད།