ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

གཅིག་སེམས་གཅིག་མཐུན་གྱི་བརྩེ་བ་ཟབ་མོ་མངོན།

སྤེལ་དུས 2025-11-10 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
འདི་ནི་བོད་ལྗོངས་མི་རིགས་སློབ་ཆེན་གྱི་སློབ་མ་ཚོས་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་བྱེད་སྒོ་སྤེལ་བཞིན་པ།
  “བོད་རིགས་སློབ་གྲོགས་ཀྱི‘གྲོགས་ཚོགས’ནས་ངས་བོད་ཀྱི‘དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི’འཕོ་འགྱུར་དངོས་མཐོང་བྱུང”ཞེས་བོད་ལྗོངས་མི་རིགས་སློབ་ཆེན་རྒྱའི་སྐད་ཡིག་རིག་གཞུང་ཆེད་ལས་ཀྱི་སློབ་མ་ཡོན་ཏན་དོན་གྲུབ་ཀྱིས་བསྐུར་བའི་བོད་ཀྱི་རྣམ་པ་གསར་པའི་འདྲ་པར་ཁ་ཤས་ལས་སློབ་གྲོགས་ལིའུ་ཅ་ཧྥུའུ་ཡི་སེམས་ནང་གི་གངས་ལྗོངས་ས་མཐོ་དེ་རྒྱང་རིང་གི་བསམ་ཚོད་ནས་དངོས་ཡོད་ཀྱི་རྣམ་པ་ཞིག་ཏུ་གྱུར་ཡོད།
  བོད་ལྗོངས་མི་རིགས་སློབ་ཆེན་དུ་རིག་གནས་མི་འདྲ་བའི་མཉམ་འགུལ་འདི་ལྟ་བུ་ཉིན་ལྟར“གྲོགས་ཚོགས”ནང་མཐོང་རྒྱུ་ཡོད་པས། དེ་མི་རིགས་ཁག་གི་སློབ་མས་རིག་གནས་བརྒྱུད་སྤྲོད་དང་། འཚོ་བ་སྤེལ་རེས། བརྩེ་བ་ཟབ་གཏོང་བཅས་ཀྱི་མངོན་མེད་ཀྱི་འབྲེལ་ཟམ་ཞིག་ཏུ་གྱུར་ཡོད་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་གསོན་ཉམས་ལྡན་པའི་སློབ་ཚན་ཞིག་ཏུའང་གྱུར་ཡོད།
  ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་མཇུག་འགྲིལ་མ་ཐག བོད་རིགས་སློབ་མ་རིན་ཆེན་སྒྲོལ་མས་སྐད་འཕྲིན་གྱི“གྲོགས་ཚོགས”ནང་རང་ཉིད་ཀྱིས་བོད་ཆས་གྱོན་ནས་ཞབས་བྲོ་འཁྲབ་པ་དང་རྒྱ་རིགས་སློབ་གྲོགས་ཀྱིས་ཞབས་བྲོ་འཁྲབ་སྟངས་སྦྱོང་བ་སོགས་ཀྱི་པར་དགུ་བསྐུར་ཡོད་པས་མི་ཚང་མའི་ངོ་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར་ཡོད། “ཚང་མས་བོད་རིགས་ཀྱི་རིག་གནས་ཤེས་རྟོགས་བྱ་རྒྱུར་ཧ་ཅང་དགའ་པོ་འདུག”རིན་ཆེན་སྒྲོལ་མའི“གྲོགས་ཚོགས”ནང་གནམ་མཚོའི་སྐར་ཚོགས་བཀྲ་བའི་ནམ་མཁའ་དང་། རླངས་པ་འཚུབ་འཚུབ་ཀྱི་ཤ་བཙོས་མ། ཕ་ཡུལ་གྱི་སྡོད་ཁང་གསར་པ་སོགས་རྣམ་པ་འདྲ་མིན་མཐོང་རྒྱུ་ཡོད་པས། བོད་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་མངོན་པའི་སྐར་ཁུང་ལྟ་བུ་ཞིག་ཏུ་གྱུར་ཡོད།
  “རིན་ཆེན་དོན་གྲུབ་ཀྱིས་ང་ལ་བོད་ཡིག་གི་མིང་འབྲི་སྟངས་སློབ་པ་དང་ངས་ཁོ་པར་ཨང་རྩིས་ཀྱི་སྤྱི་འགྲོས་སློབ་ཀྱི་ཡོད། ང་ཚོའི་ཉལ་ཁང་དེ་སློབ་ཁང་ཆུང་ཆུང་ཞིག་དང་འདྲ་བར་ཉིན་ལྟར་ཕན་ཚུན་ཤེས་བྱ་སློབ་རེས་བྱེད་ཀྱི་ཡོད”ཧོ་ནན་གྱི་སློབ་མ་སུན་ཝུན་པོའི“གྲོགས་ཚོགས”ནང་ཁོང་དང་བོད་རིགས་ཀྱི་སློབ་གྲོགས་ཚོས་མཉམ་དུ་སློབ་སྦྱོང་བྱེད་པའི་འདྲ་པར་ལས་མི་མང་པོ་ཞིག་ལ་དྲོ་སྐྱིད་སྦྱིན་ཡོད།
  དེ་ནི་སློབ་གྲྭས་ཁྱབ་སྤེལ་བཏང་བའི“མཉམ་བསྲེས་འཛིན་གྲྭ་དང་མཉམ་བསྲེས་ཉལ་ཁང་འཛུགས་པའི”སྲིད་ཇུས་སྟེ། མི་རིགས་དང་ས་ཁོངས་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ཏེ“མཉམ་སྡོད་མཉམ་སྦྱོང”གི་བསྒར་བརྒྱན་རྣམ་པའི་ཁོར་ཡུག་བསྐྲུན་པ་དེ་ཡིན། སློབ་འགོ་ཚུགས་མ་ཐག་སུན་ཝུན་པོས་སློབ་གྲོགས་གཞན་དང་འགྲོགས་མི་ཐུབ་པའི་སེམས་ཁྲལ་བྱེད་ཅིང་། ཐེངས་ཤིག་རིན་ཆེན་དོན་གྲུབ་ལ་རྩིས་རིག་གི་རྩིས་གཞི་ཞིག་འགྲེལ་བཤད་རྒྱག་རོགས་བྱས་རྗེས། ཁོང་གཉིས་དབར་གྱི་གླེང་ཁ་ཕྱེ་བ་ལྟར་དུས་དེ་ནས་འདྲིས་པོ་བྱུང་། སུན་ཝུན་པོས“གྲོགས་ཚོགས”ནང་ང་ཚོའི་མཛའ་གྲོགས་ཟིན་ཐོར་བཀོད་ཡོད”ཅེས་བཤད།
  “སྔོན་ཆད་མི་རིགས་མཐུན་སྒྲིལ་ནི་ཧ་ཅང་རླབས་ཆེ་བ་ཞིག་རེད་སྙམ་མོད། འོན་ཀྱང་དེ་སློབ་གྲོགས་ཀྱིས་བཟོས་པའི་ཇ་སྲུབས་མ་དང་སེམས་སྡུག་སྐབས་ཀྱི་སེམས་གསོའི་ནང་འདུས་ཡོད་པ་གཞི་ནས་ཤེས་བྱུང”2024ལོའི་གསར་འགྱུར་རིག་པའི་ཆེད་ལས་ཀྱི་ཝང་དབྱི་རུའུ་ལ་ཡང་ཚོར་སྣང་ཟབ་མོ་བྱུང་ཞིང་། ད་ལོའི་དབྱར་གསེང་སྐབས་ཁོང་གིས་བོད་རིགས་སློབ་གྲོགས་ཁྲིད་ནས་པའོ་ཅིར་ཆིན་ལིང་ལ་བལྟ་བར་སྐྱོད་སྐབས“གྲོགས་ཚོགས”ནང“ཞིང་ཆེན་མི་འདྲ་བའི་ཁྱིམ་མིའི”བརྩེ་བ་ཟིན་ཐོར་བཀོད་ཡོད།
  “ཡུལ་སྨད་ཤང་གི་དམག་དམངས་ཀྱིས་མཐའ་མཚམས་སྐོར་སྲུང་བྱེད་པའི་བརྙན་ཐུང་ལ་བལྟས་རྗེས། ང་རང་བོད་དུ་སློབ་ཁྲིད་བྱེད་པར་འགྲོ་རྒྱུའི་འདུན་པ་སྔར་བས་བརྟན་དུ་ཕྱིན་སོང”ཞེས་པའི་ཅང་ཤིས་ཀྱི་སློབ་མ་ཤེ་པིན་གྱིས་བཏང་བའི“གྲོགས་ཚོགས”དེ་བོད་རིགས་སློབ་གྲོགས་ཀྱིས་མཉམ་སྤྱོད་བྱས་པའི་མཐའ་དར་མཐའ་བརྟན་གྱི་གཏམ་རྒྱུད་ལས་བྱུང་ཡོད།
  གྲོགས་ཚོགས་ཀྱི་ནང་དོན་རིམ་བཞིན་བྱ་སྤྱོད་དངོས་སུ་འགྱུར་བཞིན་ཡོད་ཅིང་། 2025ལོའི་དབྱར་གསེང་དུ་བོད་ལྗོངས་མི་རིགས་སློབ་ཆེན་གྱི་བོད་དུ་སྤྱི་ཚོགས་ལག་ལེན་སྤེལ་བར་བསྐྱོད་པའི་སློབ་མ་400ཟིན་པ་དེ་ལོ་གོང་མ་ལས་33%འཕར་ཡོད། སློབ་མའི་ལས་དོན་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས“དེ་ནི་ཤན་འགོ་ཕན་སྐྱེད་ཀྱི་སློབ་གསོའི་སྟོབས་ཤུགས་ཤིག་རེད། རྒྱུན་ལྡན་གྱི་མཉམ་སྤྱོད་དེ་དག་ནི་སློབ་གྲྭས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་ལས་དོན་སྣུར་སྲིང་བྱས་པ་ཞིག་ཡིན་པས། གཏམ་བཤད་གང་ཞིག་ལས་ཀྱང་ཡིད་དབང་འཕྲོག་ནུས་ཆེ་བ་ལྡན་ཡོད”ཅེས་བཤད།
  “གྲོགས་ཚོགས”ནང་གཏམ་རྒྱུད་གསར་པ་རྒྱུན་མཐུད་ཐོན་པ་དང་། ལང་ཚོའི་འཚར་ལོངས་ཁྲོད་མི་རིགས་མཐུན་སྒྲིལ་གྱི་དབྱངས་རྟ་ཇེ་སྙན་ནས་ཇེ་སྙན་དུ་སོང་། བོད་ལྗོངས་མི་རིགས་སློབ་ཆེན་གྱི་འགུལ་རྣམ་རེ་རེ་དང་མཉམ་འགུལ་རེ་རེས“སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བའི”འདུ་ཤེས་དེ་དུས་རྒྱུན་གྱི་འཚོ་བའི་ཁྲོད་ཁྱབ་པར་བྱེད་ཀྱི་ཡོད་ལ། ལང་ཚོའི་ཕུགས་བསམ་དང་ཁྱིམ་ཞེན་རྒྱལ་ཞེན་གྱི་བརྩེ་སེམས་ཀྱང་འཚར་ལོངས་ཁྲོད་འོད་སྣང་འཕྲོ་བར་བྱེད་ཀྱི་ཡོད།