ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

མི་རིགས་མང་པོ་འདུས་སྡོད་བྱ་ཡུལ་གྱི་མཐུན་སྒྲིལ་ཁྱིམ་ཚང་སྟེ་ཀླུ་སྒུག་སྡེ་ཁུལ།

སྤེལ་དུས 2025-11-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
    ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་གི་ཀླུ་སྒུག་སྡེ་ཁུལ་ནི་རྒྱ་རིགས་དང་། བོད་རིགས། ཧུའེ་རིགས། ཐུའུ་ཅ་རིགས་སོགས་མི་རིགས་མང་པོ་ཐུན་མོང་འཚོ་བ་སྐྱེལ་སའི་ཁྱིམ་ཚང་ཆེན་པོ་ཞིག་རེད། 2024ལོར། ཀླུ་སྒུག་སྡེ་ཁུལ་ཨུ་ལྷན་ལ“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ”ཀྱི་མཚན་སྙན་སྤྲད་ཡོད།
ཀླུ་སྒུག་སྡེ་ཁུལ་ཨུ་ལྷན་དུ་བཀལ་བའི་སྡེ་ཁུལ་གྱི་གཟི་བརྗིད་མཚན་སྙན།
  ཕན་ཚུན་འབྲེལ་གཏུག་བྱེད་སའི“སེམས་སྦྲེལ་ཟམ་པ”བསྐྲུན་པ། 
  བོད་ལྗོངས་ཡོངས་ཀྱི་རྒྱལ་ཡོངས“སྐད་གཉིས”སློབ་སྦྱོང་གི་ཁྱད་ལྡན་སྡེ་ཁུལ་འབའ་ཞིག་ཡིན་པའི་ཀླུ་སྒུག་སྡེ་ཁུལ་གྱིས“སྐད་ཡིག་སྦྱོང་བ”དེ“མི་སེམས་གཅིག་ཏུ་སྒྲིལ་སའི”འབྲེལ་ཐག་ཏུ་གྱུར་ཡོད། སྡེ་ཁུལ་ཞབས་ཞུའི་ལྟེ་གནས་ཀྱི་སྐད་གཉིས་སྦྱོང་སའི་སློབ་ཁང་ཆུང་ཆུང་དུ་སྐྱོད་སྐབས། ཅོག་ཙེ་རིང་པོ་གཙང་ཐིང་ངེར་འཕྱིས་ཡོད་པ་དང་། ནག་པང་ཆུང་ཆུང་ཐོག་བོད་རྒྱ་སྐད་གཉིས་ཀྱི་རྒྱུན་སྤྱོད་སྐད་ཆ་མང་པོ་བྲིས་ཡོད་ལ། གྱང་ཟུར་གྱི་དཔེ་སྒྲོམ་ཐོག《སྤྱི་སྐད་བརྗོད་པ་ཆིག་སྟོང་མ》དང《ལྷ་ས་བསྐོར་བྱེད་ཚིག་སུམ་བརྒྱ་མ》གྲལ་འགྲིག་པོར་བཞག་ཡོད།  
 “དེབ་དེ་གཉིས་ཀ་རིན་མེད་ངང་སྤྲད་པ་ཞིག་ཡིན་པས། རྒན་རྒོན་དང་བྱིས་པ་གང་ཡིན་རུང་སྦྱོང་འདོད་ཡོད་ཚེ་ལེན་པར་ཡོང་ཆོག”ཅེས་བསྟན་འཛིན་སྒྲོལ་མས་དེབ་ཞིག་ཁ་ཕྱེ་ནས་གསར་འགོད་པར་བསྟན། སྡེ་ཁུལ་གྱི་སྐད་གཉིས་སློབ་ཁྲིད་ཐད“གཅིག་དཔེ་བརྒྱ་འགེབས”མི་བྱེད་པར“སྐད་གཉིས་སྦྱོང་རོགས་དང་། སྡེ་ཁུལ་གྱི་དགེ་རྒན། མཐོ་སློབ་སློབ་ཐོན་སློབ་མ་དང་བླངས་པས་ཟུར་ཁྲིད”བཅས་ཟུང་དུ་འབྲེལ་བའི་དཔུང་ཁག་བཙུགས་ནས། ཚང་མའི་རྨང་གཞི་གཞིར་བཟུང་ཚོགས་ཆུང་བགོས་ནས་སློབ་ཁྲིད་བྱས་ཏེ། མང་ཚོགས་ཀྱི་སློབ་སྦྱོང་གི་ཧུར་སེམས་དང་རང་འགུལ་རང་བཞིན་ཕྱོགས་ཡོངས་ནས་སྐུལ་སློང་བྱེད་ཀྱི་ཡོད།  
བསྟན་འཛིན་སྒྲོལ་མས་གསར་འགོད་པའི་ཚོགས་པར་སྡེ་ཁུལ་གྱི་གཞི་རྩའི་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།
མི་རིགས་མི་འདྲ་བའི་སྡེ་ཁུལ་གྱི་གྲོང་མིས“སྐད་གཉིས་སློབ་ཚན”འཚོག་བཞིན་པ།
   བསྟན་འཛིན་སྒྲོལ་མས“སློབ་ཚན་ཆུང་བ་འགོ་ཚུགས་པ་ནས་བཟུང་སློབ་མ180ལྷག་ཙམ་བདེ་བླག་ངང་སློབ་མཐར་ཕྱིན་ཡོད”ཅེས་བཤད་པ་དང་། ཁོང་གིས“ད་ཆ་སྡེ་ཁུལ་དུ་འགྲོ་ལུགས་གཉེར་བ། ཅ་དངོས་ཉོ་བ། ཁྱིམ་མཚེས་ཕན་ཚུན་ཅི་འཕྲོས་མོལ་འཕྲོས་བྱེད་པ་གང་ཡིན་རུང་འབྲེལ་གཏུག་ཐད་འགོག་རྐྱེན་འཕྲད་པའི་སེམས་ཁྲལ་མེད”ཅེས་བཤད། 
   ཁྱོད་ཀྱིས་བོད་སྐད་ཀྱི་འཚམས་འདྲི་བྱེད་སྟངས་ཤིག་སྦྱོང་བ་དང་། ངས་རྒྱ་སྐད་ཀྱི་ཐ་སྙད་ཅིག་ངེས་པ། སྐད་གཉིས་སློབ་སྦྱོང་ནི་ཕན་ཚུན་སློབ་སྦྱོང་བྱ་རྒྱུ་ཞིག་ཡིན། སློབ་ཚན་ཐོག་གི་དྲི་བ་དྲིས་ལན་ནས་སློབ་ཚན་རྗེས་ཀྱི་ཅི་འཕྲོས་མོལ་འཕྲོས་བར་མི་རིགས་མི་འདྲ་བའི་གྲོང་མི་རྣམས་རིམ་བཞིན་གྲོགས་པོར་འགྱུར་གྱི་ཡོད།  
   མི་སེམས་ལ་དྲོ་སྐྱིད་སྦྱིན་པའི་རྒན་གསོའི་ཞབས་ཞུ། 
   ཀླུ་སྒུག་སྡེ་ཁུལ་དུ་ལོ70ཡན་གྱི་རྒན་རྒོན200ལྷག་ཙམ་ཡོད་པའི་ནང་མང་པོ་ཞིག་ནི་ཚང་སྟོང་དང་ཁེར་སྡོད་རྒན་རྒོན་ཡིན་མོད། འོན་ཀྱང“ཚང་སྟོང་ཡིན་ཡང་སེམས་པ་མི་སྟོང་བ་དང་ཁེར་རྐྱང་དུ་བསྡད་ཀྱང་ཁེར་རྐྱང་མ་ཡིན་པ”ཞེས་པའི“རྒྱལ་ཡོངས་དཔེ་སྟོན་རང་བཞིན་གྱི་རྒན་རྒོན་མཛའ་མཐུན་རྣམ་པའི་སྡེ་ཁུལ”གྱི་གཟི་བརྗིད་མཚན་སྙན་ཐོབ་པའི་ས་ཆ་འདིས་ཐུགས་ཁུར་ཞིབ་ཚགས་ལ་བརྟེན་ནས་རྒན་རྒོན་ཚོར་དྲོ་སྐྱིད་ལྡན་པའི“ཁྱིམ་གཞིས་གཉིས་པ”བསྐྲུན་ཡོད།  
སྡེ་ཁུལ་གྱི་ཟུར་ཞིག་ཏུ་བཀལ་བའི་གཟི་བརྗིད་མཚན་སྙན།
     སྡེ་ཁུལ་གྱི་རྒན་གསོ་ཞབས་ཞུའི་ས་ཚིགས་སུ་འཕུར་མཉེད་རྐུབ་སྟེགས་དང་མིག་མངས་ཅོག་ཙེ་སོགས་ཧ་ཅང་ཆ་ཚང་པོ་ཡོད་ལ། ཇ་སྲུབ་མ་དང་། ཇ་མངར་མོ། ཇ་དྭངས་བཅས་ཀྱང་ལོ་ལྟར་རིན་མེད་ངང་མཁོ་འདོན་བྱེད་ཀྱི་ཡོད། འོན་ཀྱང་འདི་གའི་དྲོ་སྐྱིད་ནི་མིག་གིས་མཐོང་ཐུབ་པའི་སྒྲིག་ཆས་དེ་ཁོ་ན་ཙམ་ག་ལ་ཡིན།  
     བསྟན་འཛིན་སྒྲོལ་མས“རྒན་རྒོན་མང་པོ་ཞིག་གི་བུ་ཕྲུག་ས་ཆ་གཞན་དུ་ལས་ཀ་བྱེད་ཀྱི་ཡོད། ང་ཚོས་ཁྱིམ་དུ་བཅར་འདྲིར་བསྐྱོད་པ་བརྒྱུད་ཁེར་རྐྱང་རྒན་རྒོན་གྱི་འཚོ་བར་དཀའ་ངལ་ཡོད་པ་ཤེས་རྟོགས་བྱུང་བས། སྡེ་ཁུལ་གྱི་ལས་དོན་པ་རེས་མོས་ངང་རྒན་རྒོན་གྱི་སྒོ་འགྲམ་དུ་དགུང་ཟས་སྐྱེལ་བར་བཏང་བ་མ་ཟད། དུས་བཀག་ལྟར་ལྟ་སྐྱོང་བྱེད་པར་འགྲོ་གི་ཡོད” ཅེས་ངོ་སྤྲོད་བྱས་པ་དང་། ཁོང་གིས་སྡེ་ཁུལ་གྱི“ཟ་མ་དང་། སྨན་བཅོས། གཙང་སྦྲ”བཅས་ཀྱི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་ལས་འགྲོ་སྐྱོད་སྟབས་བདེ་མེད་པའི་རྒན་རྒོན་ཚོར་ཕྱིར་འགྲོ་མི་དགོས་པར་སྟབས་བདེ་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད་ཅེས་བཤད།  
     སྡེ་ཁུལ་གྱིས་ད་དུང་དཀའ་ངལ་ཡོད་པའི་རྒན་རྒོན་ཚང་མར་ཆ་སྒྲིག་རོགས་སྐྱོར་བྱེད་མཁན་བཀོད་སྒྲིག་བྱས་པ་སྟེ། ལས་ཐོག་ཏང་ཡོན་དང་། སྡེ་ཁུལ་གྱི་ལས་དོན་པ། ད་དུང་སེམས་རྩ་འཁོལ་བའི་གྲོང་མི་བཅས་ཡོད།“རྒན་གསོའི་ཞབས་ཞུ་སྒྲུབ་སྐབས་རྒན་རྒོན་གྱི་ལུས་པོར་ལྟ་རྟོག་ཡག་པོ་བྱེད་དགོས་པར་མ་ཟད། རྒན་རྒོན་ཚོར་ནང་མི་ལྟར་གྱི་སྡོད་རོགས་དང་དྲོ་སྐྱིད་དེ་བས་ཀྱང་ཚོར་དུ་འཇུག་དགོས”ཅེས་བཤད། 
སྡེ་ཁུལ་གྱི་ལས་དོན་པས་དུད་ཚང་དུ་བཅར་འདྲིར་བསྐྱོད་དེ་ཁེར་རྐྱང་རྒན་རྒོན་ལ་འཚམས་འདྲི་བྱེད་བཞིན་པ།
སྡེ་ཁུལ་གྱི་དམངས་ཕན་ཞབས་ཞུ་ས་ཚིགས་ཀྱི་ལས་དོན་པས་སྡེ་ཁུལ་གྱི་རྒན་རྒོན་ལ་ཇ་སྲུབ་མ་བླུགས་བཞིན་པ།
    དྲོ་སྐྱིད་བརྒྱུད་སྤྲོད་ཀྱི“དམངས་ཆེད་ལས་དོན་སྒྲུབ་པའི”ཐོག་མའི་བསམ་འདུན། 
   “མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་དང་བློ་རྩེ་གཅིག་སྒྲིམ་གྱིས་དམངས་ཆེད་ལས་དོན་སྒྲུབ་པ” ཀླུ་སྒྲུག་སྡེ་ཁུལ་ཞབས་ཞུའི་ལྟེ་གནས་སུ་སྐྱོད་སྐབས། གྱང་ཐོག་གི་སྦྱར་ཡིག་དམར་པོ་ཧ་ཅང་མངོན་གསལ་དོད་པོ་ཡོད་ཅིང་། འདི་གའི་ཞབས་ཞུར་མི་རིགས་དང་། གྲོང་མི། ཡུལ་སྐོར་བ་བཅས་ཀྱི་དབྱེ་བ་མེད་པར། བྱ་སྤྱོད་ཕྲན་བུར་བརྟེན་ནས་མི་ཚང་མར་དྲོ་སྐྱིད་སྦྱིན་ནས“དམངས་ཆེད་ཞབས་འདེགས་ཞུ་བའི”ཐོག་མའི་བསམ་འདུན་ལག་ལེན་བསྟར་བཞིན་ཡོད།  
    ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་འཆར་རིམ་བཞིན་ཀླུ་སྒུག་སྡེ་ཁུལ་གྱི“ང་ཚོའི་དུས་ཆེན”ཞེས་པའི་རིག་རྩལ་འཁྲབ་སྟོན་ལ་ལྟ་མཁན་ཧ་ཅང་མང་པོ་ཡོད། མི་རིགས་ཁག་གི་གྲོང་མི་མཉམ་དུ་འཛོམས་ནས་སྣ་མང་ཕུན་སུམ་ཚོགས་པའི་དུས་ཆེན་བྱེད་སྒོ་ཉམས་ལེན་བྱེད་པ་དང་། དཔྱིད་གསར་དུས་ཆེན་ལ་མཉམ་དུ་དཔྱིད་གསར་ཆ་ཚིག་འབྲི་བ་དང་ཁྲ་མའི་སྦྱར་ཡིག་འབྲེག་པ། ཟླ་མཆོད་དུས་ཆེན་སྐབས་ཟླ་མཆོད་བག་ལེབ་ཟ་བ་དང་ཁྱིམ་མཚེས་ཕན་ཚུན་བརྩེ་བ་གླེང་བ། བོད་ཀྱི་ལོ་གསར་སྐབས་མཉམ་དུ་ཕྱེ་མར་དང་ཆུ་མོག་བཟོ་སྟངས་སྦྱོང་བ་སོགས་བྱེད་སྒོར་དངོས་སུ་ཞུགས་པའི་ཁྲོད་རིག་གནས་མི་འདྲ་བའི་ཡིད་དབང་འཕྲོག་པའི་ཉམས་ལེན་བྱེད་ཀྱི་ཡོད། གར་སྟེགས་ཐོག་མི་རིགས་ཁག་གི་ཁྱད་ལྡན་རོལ་དབྱངས་དང་ཞབས་བྲོ་རེས་མོས་ངང་འཁྲབ་པ་དང་གར་སྟེགས་འོག་ཏུ་དགའ་བསུ་དང་དགོད་སྒྲ་གཅིག་རྗེས་གཉིས་མཐུད་ངང་གྲགས་ཀྱི་ཡོད། ཕར་ལྟ་དུས་སྤྱིར་བཏང་ཡིན་པའི་དུས་ཆེན་བྱེད་སྒོ་དེ་དག་ནི་དོན་དངོས་ཐོག་སྡེ་ཁུལ་གྱིས་མི་རིགས་མང་པོ་འདུས་སྡོད་བྱེད་པའི་ཁྱད་ཆོས་ལ་གཞི་ཚུགས་ནས་སྤེལ་རེས་ལས་སྟེགས་བསྐྲུན་པ་ཞིག་ཡིན་པས། མི་རིགས་ཁག་གི་གྲོང་མིའི་མཛའ་གྲོགས་ཀྱང་དྲོ་སྐྱིད་ལྡན་པའི་དུས་ཆེན་གྱི་ཁོར་ཡུག་ཁྲོད་རིམ་བཞིན་ཟབ་ཏུ་འགྲོ་བཞིན་ཡོད།  
ཀླུ་སྒུག་སྡེ་ཁུལ་གྱི་འཐུས་མི་རིག་རྩལ་འཁྲབ་སྟོན་ལ་ཞུགས་པ།
    དེ་བས་ཧ་ལས་དགོས་པ་ཞིག་ནི་དྲོ་སྐྱིད་དེ་སྡེ་ཁུལ་གྱི་གྲོང་མི་ཙམ་མ་ཟད། ད་དུང“རྒྱང་རིང་གི་སྐུ་མགྲོན”དེ་དག་ལའང་བརྒྱུད་སྤྲོད་བྱས་ཡོད།  
    ཞབས་ཞུའི་ལྟེ་གནས་ཀྱི་ཟུར་གྱི་སྒམ་ནང་དུ་ལ་དུག་འགོག་སྨན་གྱིས་ཁེངས་ཡོད་ལ། ཆམ་ནད་སྨན་དང་། ན་ཟུག་འཇགས་བྱེད་ཀྱི་སྨན། རྒུན་འབྲུམ་མངར་ཆའི་སྨན་བཅས་གང་དགོས་ཆ་ཚང་པོ་ཡོད་པ་དེ་དག་ཡུལ་སྐོར་བར་རིན་མེད་ངང་སྤྱོད་དུ་འཇུག་གི་ཡོད། “འགྲམ་དུ་ཡོད་པའི་དབྱང་རྔུབ་ལྕགས་ཀྲིན་གཉིས་ལས་མི་རེས་ཆུ་ཚོད་ཕྱེད་ཀར་རྔུབ་ཆོག་པ་དང་། དབྱར་དུས་ཡུལ་སྐོར་བ་མང་དུས་སུ་ཉིན་རེར་དབྱང་རླུང་རྔུབ་མཁན་བཅུ་ཉི་ཤུ་ཡོང་གི་ཡོད། སྡེ་ཁུལ་གྱིས་ད་དུང་ཐེངས་གཅིག་རང་བཞིན་གྱི་དབྱང་དབུགས་ལྕགས་ཀྲིན་གྲ་སྒྲིག་བྱས་ཡོད་པས་གལ་ཏེ་ཡུལ་སྐོར་བར་མཁོ་ཚེ་ག་དུས་ཡིན་ཡང་ལེན་ཆོག་གི་ཡོད” 
   “ཡུལ་སྐོར་བ་ལྷ་སར་ཡོང་སྐབས་ལ་དུག་རྒྱག་དོགས་ཀྱི་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། ཁོང་ཚོའི་མི་བདེ་བ་བཅོས་རོགས་བྱས་ནས་ལྷ་སའི་དྲོ་སྐྱིད་ཚོར་ཐུབ་པ་བྱུང་བས་ཧ་ཅང་དགའ་པོ་བྱུང”ཞེས་པའི་སྡེ་ཁུལ་གྱི་ལས་དོན་པའི་བབ་ཆགས་པའི་སྐད་ཆ་དེ་ལས་འགན་འཁྲི་ལས་ལྷག་པའི་དྲོ་སྐྱིད་ཅིག་ཚོར་བྱུང་།  
སྨན་རྫས་སྒམ་གཅིག་དང་དབྱང་རྔུབ་ཐེངས་གཅིག་སོགས་ཕར་ལྟ་དུས་ཞབས་ཞུ་ཆུང་ཆུང་ཞིག་ཡིན་ཡང་། དེ་ཐོག་ནས་སྡེ་ཁུལ་གྱིས་ལས་དོན་གཏིང་ཟབ་སྒྲུབ་པ་མཚོན་གྱི་ཡོད། ཡུལ་སྐོར་བ་ཚོས་རྒྱུས་མངའ་མེད་པའི་ས་མཐོར་རོགས་རམ་དེ་འདྲ་ཐོབ་སྐབས་ཁོང་ཚོར་སྡེ་ཁུལ་ཞིག་གི་མཛའ་མཐུན་ཙམ་མ་ཟད། གྲོང་ཁྱེར་ཞིག་གི་དྲོ་སྐྱིད་ཀྱང་ཚོར་ཐུབ་ཀྱི་ཡོད།  
ཡུལ་སྐོར་བ་ཚོར་རིན་མེད་ངང་དབྱང་རྔུབ་ཞབས་ཞུ་མཁོ་འདོན་བྱེད་བཞིན་པ།
ཡུལ་སྐོར་བ་ཚོར་རིན་མེད་ངང་དབྱང་རྔུབ་ཞབས་ཞུ་མཁོ་འདོན་བྱེད་བཞིན་པ།
   སེམས་མཐུན་མཉམ་འགྲོགས་ཁྱིམ་ཚང་གཅིག་ལྟར་བརྩེ།
   བསྟན་འཛིན་སྒྲོལ་མས“མི་རིགས་མང་པོ་མཉམ་དུ་འཚོ་བ་བསྐྱལ་བར་འགལ་རྐྱེན་གང་ཡང་མེད་པ་མ་ཟད། གནད་དོན་འཕྲད་སྐབས་མཉམ་དུ་གྲོས་བསྡུར་བྱས་ཏེ་དཀའ་ངལ་ཡོད་ན་མཉམ་དུ་ཐག་གཅོད་བྱེད་ཀྱི་ཡོད”ཅེས་བཤད།  
  “རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ”ཀྱི་གཟི་བརྗིད་མཚན་སྙན་ཐོབ་པའི་སྡེ་ཁུལ་འདིར། ང་ཚོས་མི་རིགས་མཐུན་སྒྲིལ་ནི་དྲོ་སྐྱིད་ལྡན་པའི་དོན་ཆུང་རེ་རེ་ལས་རིམ་བཞིན་གཅིག་ཏུ་འདུས་པའི་བརྩེ་དུང་ཞིག་ཡིན་པ་ཚོར་ཐུབ།  
   སྡེ་ཁུལ་གྱི་གང་སར་སྐྱོད་སྐབས་ཉི་འོད་ལྷག་པར་དྲོ་ལ། “དྲོ་སྐྱིད་ལྡན་པའི་ཁང་པའི”ནང་མི་རིགས་མི་འདྲ་བའི་གྲོང་མི་ཚོས་སེམས་མཐུན་མཉམ་འགྲོགས་ཀྱིས་ལྷག་བསམ་ལ་བརྟེན་ནས་བརྩེ་བར་བརྟེན་ནས་ཁྱད་པར་སེལ་བཞིན་ཡོད་ལ། འཚོ་བར་རྐང་བཙུགས་ནས་རྒྱན་སྤྲོས་མི་དགོས་ཀྱང་བློ་བདེ་བག་ཕེབས་ངང་འཚོ་བ་རོལ་བཞིན་ཡོད། དེ་ཡང་མི་རིགས་མཐུན་སྒྲིལ་གྱི་ཆེས་མཛེས་སྡུག་ལྡན་པའི་རྣམ་པ་ཞིག་ཡིན་སྲིད།