ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ས་མཐོར་ཉ་ལས་གོང་འཕེལ་གཏོང་། བོད་སྐྱོར་བརྩེ་བ་ཉམས་པ་མེད།

སྤེལ་དུས 2025-11-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
  ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཀྲུང་གོ་ཆུ་ཐོན་ཚན་རིག་ཞིབ་འཇུག་ཁང་གི་རིགས་གཅིག་མཁས་ཅན་རྣམས་དང་སྤེལ་རེས་བྱེད་རིང་། ལུའོ་མིང་ཧྥེས་བོད་ལྗོངས་ཀྱི་ཉ་ལས་ཐོན་ལས་ཅན་དུ་གྱུར་མེད་མོད། འོན་ཀྱང་བོད་ལྗོངས་ཀྱི་ས་ཆ་མང་པོ་ཞིག་སྟེ། དཔེར་ན་ཉིང་ཁྲི་ལྟ་བུར་ཉ་ལས་འཕེལ་རྒྱས་གཏོང་རེ་ཡོད་པ་ཤེས། དེར་བརྟེན་ཁོང་ལ་བསམ་ཚུལ་ཞིག་བྱུང་བ་སྟེ། ཀྲུའུ་ཧའེ་རུ་བསགས་པའི་ཉམས་མྱོང་སྤྱད་དེ་བོད་ལྗོངས་སུ་ས་མཐོའི་ཉ་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ན་ཆོག་གམ་སྙམ་པའི་བསམ་བློ་འཁོར།
  ལུའོ་མིང་ཧྥེ་ནི་ཀྲུའུ་ཧའེ་གྲོང་ཁྱེར་དེང་རབས་ཞིང་ལས་འཕེལ་རྒྱས་ལྟེ་གནས་དེང་རབས་ཉ་ལས་ཞིབ་འཇུག་སུའོ་ཡི་སུའུ་ཀྲང་གཞོན་པ་དང་ཆུ་ཐོན་གསོ་སྤེལ་གྱི་མཐོ་རིམ་ལག་རྩལ་ཆེ་མོ་བ་ཞིག་རེད། བསམ་ཚུལ་འདི་འདྲ་ཞིག་འཁྱེར་ནས2022ལོར་ཁོང་གིས་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཁག་བཅུ་པའི་ཁོངས་མིར་མིང་ཐོ་བཀོད་དེ་བོད་ལྗོངས་ཉིང་ཁྲི་ཞིང་སྦོལ་སྐར་མ་ཞིང་ལས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པའི་འགན་འཁུར་བར་ཡོང་། ད་ཆ་བོད་སྐྱོར་དུས་ཡུན་ཐིམ་ནས་ཀྲུའུ་ཧའེ་རུ་ལོག་པའི་ལུའོ་མིང་ཧྥེས་ལོ་གསུམ་རིང་བོད་སྐྱོར་བྱེད་པའི་ནམ་ཟླར་ཕྱིར་དྲན་བྱེད་སྐབས། ཉིང་ཁྲིར་ས་མཐོའི་ཉ་ལས“མེད་པ་ནས་ཡོད་པའི་བར”ཚད་བརྒལ་བྱུང་བ་དེ་ནི་ཁོང་སྤོབས་པ་སྐྱེ་བའི་བྱ་བ་ཞིག་རེད།
ལུའོ་མིང་ཧྥེས(གཡོན)དགེ་ཕྲུག་ཉི་མ་དབང་འདུས་ཁྲིད་དེ་ཉ་ཕྲུག་གསོ་སྤེལ་ལྟ་སྟངས་སློབ་བཞིན་པ།
  ས་མཐོར་ཐོག་མར་ཡོང་སྐབས་འདི་གའི་ཡོད་ཚད་ལ་ལུའོ་མིང་ཧྥེ་ཡ་མཚན་སྐྱེ་ཡི་ཡོད་ཅིང་། ཁོང་ཐེངས་དང་པོ་གངས་རིར་འཛེག་སྐབས་གནམ་སྔོན་སྤྲིན་དཀར་ལས་ཁོང་ཧང་སངས་པ་དང་། ཐེངས་དང་པོ་ཡུལ་དེ་གའི་བོད་རིགས་མང་ཚོགས་དང་འབྲེལ་འདྲིས་བྱེད་སྐབས་ཁོང་ཚོ་ནི་ཅི་འདྲའི་སེམས་རྩ་འཁོལ་ཞིང་བབ་ཆགས་པ་ཞིག་རེད། འོན་ཀྱང་མགྱོགས་མྱུར་ལུའོ་མིང་ཧྥེས་ཀྱང་ཁོར་ཡུག་གསར་པས་ཁོང་གི་ལས་ཀར་འགྲན་སློང་གསར་པ་འཕྲད་པ་ཚོར་བ་སྟེ། བོད་ལྗོངས་ཀྱི་ཐོན་ལས་རྨང་གཞི་སྐྱོ་བ་དང་། སྐྱེ་ཁམས་ཁོར་ཡུག་ཞན་པ། གནམ་གཤིས་ཆ་རྐྱེན་རྒྱ་ནག་དང་ཧེ་བག་ཆེ་ཙམ་ཡོད་པས། སྔོན་ཆད་ཀྲུའུ་ཧའེ་རུ་ཉམས་མྱོང་དང་བྱེད་སྟངས་ཁག་གཅིག་ཐད་ཀར་འདི་གར་ལད་ཟློས་བྱེད་ཐབས་མེད། འདི་གར་ཉ་ལས་ཐོན་ལས་འཕེལ་རྒྱས་གཏོང་དགོས་ན། ཡུལ་བབ་དང་བསྟུན་ནས་བོད་ལྗོངས་ཀྱི་ཆ་རྐྱེན་ཤེས་རྟོགས་སྔར་བས་གཏིང་ཟབ་བྱེད་དགོས་ཀྱི་ཡོད།
  ལུའོ་མིང་ཧྥེས“དགེ་རྒན་ཞིག་ཡིན་ནའང་དང་ཐོག་མ་སློབ་མ་བྱས་ནས་ཡོང་བ་རེད། བོད་ལྗོངས་ལ་རྒྱུས་ལོན་གང་མང་བྱས་ནས་ཞན་ཆ་ཁ་ཤས་འཕེལ་རྒྱས་ཀྱི་ལེགས་ཆར་སྒྱུར་དགོས། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས་ལ། དམིགས་བསལ་ཁུལ་གྱི་སྙིང་སྟོབས་ཀྱང་དར་སྤེལ་བཏང་སྟེ། ཡུལ་བབ་དང་བསྟུན་ནས་ཀྲུའུ་ཧའེ་ཡི་ཉམས་མྱོང་དང་། ལག་རྩལ། འདུ་ཤེས་བཅས་བོད་ལྗོངས་ཀྱི་འཕེལ་རྒྱས་ཁྲོད་དུ་འདྲེས་པར་བྱས་ནས་བོད་ལྗོངས་ཀྱི་ཉ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་བཤད། ཁོང་ཚོས་ལོ་ཕྱེད་རིང་བརྟག་དཔྱད་ཞིབ་འཇུག་བྱས་ནས་ས་གནས་དེ་གར་འཕྲོད་པའི་གསོ་སྤེལ་རིགས་རྒྱུད་དང་ལད་ཟློས་ཆོག་པ་དང་ཁྱབ་སྤེལ་གཏོང་སླ་བའི་ཉ་ལས་གསོ་སྤེལ་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ཉ་དང་ཞ་སྨི་གསོན་པོ་ས་གནས་དེ་གའི་མང་ཚོགས་ཀྱི་གསོལ་ཅོག་སྟེང་དུ་བཀྱགས་པ་རེད།
ལུའོ་མིང་ཧྥེས(གཡོན་གྱི་དང་པོ)ཉིང་ཁྲི་སློབ་འབྲིང་དང་པོའི་སློབ་མར་ས་མཐོའི་ཉ་ལས་ཤེས་བྱ་ཁྱབ་གདལ་གཏོང་བཞིན་པ།
  ཁོང་ཚོས་འབད་བརྩོན་བྱས་པ་བརྒྱུད། ས་གནས་དེ་གར་ཐོན་ལས་གསར་པ་ཞིག་བཏོད་པ་མ་ཟད། ས་གནས་དེ་གར་གནས་ཐུབ་པའི་གསོ་སྤེལ་ཤེས་ལྡན་པ་ཁག་གཅིག་ཀྱང་བཞག་ཡོད། དང་ཐོག་ཉ་ཕྲུག་དང་ཞ་སྨི་ཚང་མ་དབྱེ་འབྱེད་མི་ཤེས་པའི་རྒྱུས་མངའ་མེད་མཁན་དེ་དག་ད་ཆ་ཐོན་ལས་འཕེལ་རྒྱས་གཏོང་བའི་ཡུལ་ལུགས་ཀྱི་མཁས་པ་དང་ལག་རྩལ་རྐང་འཛིན་པར་འཚར་ལོངས་བྱུང་བར་ལུའོ་མིང་ཧྥེ་དགའ་སྤྲོ་ཆེན་པོ་སྐྱེས། ཁོང་གིས་ས་གནས་དེ་གའི་ལག་རྩལ་ཤེས་ལྡན་པ་དེ་དག་ཐོན་ལས་དེའི་མེ་སྟག་ཏུ་གྱུར་ནས་ཐོན་ལས་ཧྲིལ་པོ་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་འདིང་ངེས་རེད་ཅེས་བཤད། 
  བོད་སྐྱོར་མཇུག་འགྲིལ་ལ་ཉེ་བའི་སྐབས་སུ། ལུའོ་མིང་ཧྥེས་“ལོ་གསུམ་བོད་རོགས་ནམ་ཟླ། ཚེ་གང་ས་མཐོའི་བརྩེ་བ། ལས་འགན་ཕྲག་ཏུ་འཁུར་ནས། ལོ་ཟླས་བསམ་འདུན་གསལ་ཡོང”ཞེས་སྙན་ངག་ཆུང་ཆུང་ཞིག་བྲིས་ཡོད། ལོ་གསུམ་གྱི་དུས་ཚོད་སྐད་ཅིག་ཏུ་འདས་མོད། འོན་ཀྱང་མཚོ་རྒྱུད་གྲོང་ཁྱེར་དུ་ས་སྐྱེས་རྡོ་སྐྱེས་ཀྱི་ལུའོ་མིང་ཧྥེ“བོད་མི”ཞིག་ཏུ་འགྱུར་ཡོད། ཉིང་ཁྲིར་ལས་ཀ་བྱེད་སྐབས། ཁོང་ས་གནས་དེ་གའི་བོད་ཐུག་འཐུང་རྒྱུར་ཧ་ཅང་དགའ་བས། སྐབས་སྐབས་སུ་ཞིང་རའི་ཁ་སྤྲོད་ཀྱི་བོད་ཟས་ཁང་དུ་བོད་ཐུག་འཐུང་བར་འགྲོ་གི་ཡོད། ལུའོ་མིང་ཧྥེས་ད་ཆའི་བོད་ལྗོངས་འཕེལ་རྒྱས་མྱུར་པོ་འགྲོ་བཞིན་ཡོད་པ་དངོས་སུ་མཐོང་བ་དང་མྱོང་བྱུང་། ཁོང་གིས་བོད་སྐྱོར་ལས་དོན་རུ་ཁག་ཐེངས་རེ་རེ་དང་བོད་སྐྱོར་ལས་བྱེད་པ་གཅིག་རྗེས་གཉིས་མཐུད་ངང་ཡོང་གི་ཡོད། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་འོག་བོད་ལྗོངས་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པའི་ཡིད་ཆེས་ཡོད་ཅེས་བཤད་པ་རེད།