ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཡོངས་ཀྱིས་ཕྱིར་གཏོང་ནང་འདྲེན་བྱེད་ཚད་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་322.67ཟིན་པ།

སྤེལ་དུས 2025-11-25 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
འདི་ནི་ཟླ་10ཚེས་29ཉིན་གྱི་སྔ་དྲོར། དངོས་ཟོག་བྱུར་བུར་བླུགས་པའི་ནེ་པ་ལའི་ཟོག་འཁོར་ཞིག་སྐྱིད་གྲོང་འགག་སྒོ་ནས་ཐོན་བཞིན་པ།
  འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར། བོད་ཀྱི་འགག་སྒོ་བརྒྱུད་ཕྱིར་གཏོང་བྱས་པའི་ནུས་རྒྱུ་གསར་པའི་རླངས་འཁོར་དང་། འོད་ཤུགས་ཐོན་རྫས། ལིས་གློག་རྫས་བཅས་ཀྱི་ཚོང་ཟོག་བསྡོམས་འབོར་སྒོར་དུང་ཕྱུར་12.88ཟིན་པ་དེའི་ནང་ནུས་རྒྱུ་གསར་པའི་རླངས་འཁོར་10741ཕྱིར་གཏོང་བྱས་པ་དེ་19.58%འཕར་བ་ལ་སོགས་པའི་གྲངས་གཞི་དེ་དག་ནི་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ཀྱི་ཚབ་མཚོན་ཙམ་ཞིག་རེད།
  ལོ་བཞིའི་རིང་། བོད་ཀྱི་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་མྱུར་པོ་བྱུང་ཞིང་། 2021ལོ་ནས་2024ལོ་བར། ལྗོངས་ཡོངས་ཀྱིས་ཕྱིར་གཏོང་ནང་འདྲེན་བྱེད་ཚད་རིམ་རྩིས་བརྒྱབ་ན། སྒོར་དུང་ཕྱུར་322.67ཟིན་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཚུགས་ལོ་སྟེ་2021ལོ་གཞི་འཛིན་སར་བྱས་ཏེ་ལོ་རེའི་ཆ་སྙོམས་འཕར་ཚད་40%ལས་བརྒལ་ནས་འཆར་འགོད་དམིགས་ཚད་ལས་ལྡབ་འཕར་བྱུང་ཡོད། 2024ལོར་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་སྒོར་དུང་ཕྱུར་126.72ཟིན་ཏེ་དུས་མཚུངས་ལས་15.4%འཕར་བ་དང་ཕྱི་ཕྱོགས་ཚོང་དོན་བསྡོམས་འབོར་གྱིས་2015ལོ་ཚུན་གྱི་ཟིན་ཐོ་གསར་པ་གཏོད་ཡོད།
  མིག་སྔར། བོད་ཀྱི་ཚོང་དོན་རོགས་ཟླ་རྒྱལ་ཁབ་དང་ས་ཁུལ་བརྒྱ་ལྷག་ཙམ་ལ་ཁྱབ་ཡོད་ཅིང་། སྲོལ་རྒྱུན་གྱི་མེ་གླིང་བྱང་མ་དང་ཨེ་ཤེ་ཡ་ལྷོ་མའི་ཁྲོམ་ར་ནས་ཨ་ཧྥེ་རི་ཁ་དང་དབུས་ཤར་ས་ཁུལ་བར་རྒྱ་བསྐྱེད་བྱུང་བས། གང་སར་ཁྱབ་པའི་གོ་ལ་ཧྲིལ་པོ་ཅན་གྱི་བཀོད་པ་དངོས་སུ་ཆགས་ཡོད། ལྷ་ས་འགག་སྒོ་ལས་ཁུངས་ཀྱི་བསྡོམས་རྩིས་ལས་མངོན་པར། འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར། བོད་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་46.26ཟིན་པ་དེས་ལོ་ཧྲིལ་པོའི་ཕྱི་ཕྱོགས་ཚོང་དོན་བསྡོམས་འབོར་གྱི་བཅུ་ཆ་བདུན་ཡན་བཟུང་བ་དང་ས་མཐོའི་དཔལ་འབྱོར་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་ནང་མཉམ་འདྲེས་གཏིང་ཟབ་ཐུབ་ཡོད།
  སྲིད་ཇུས་ཀྱི་མཐུན་རྐྱེན་ལས་དམངས་གཉེར་ཁེ་ལས་ཀྱི་འཇོན་ཐང་མངོན་པ།
  AEOམཐོ་རིམ་ཁས་ལེན་ཁེ་ལས་ཀྱིས་འགག་སྒོའི་ཁེ་ལས་ཀྱི་ཡིད་རྟོན་རིམ་པའི་མ་ལག་ཁྲོད་ཀྱི་རིམ་པ་མཐོ་ཤོས་མཚོན་གྱི་ཡོད། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་གཙོ་གནད་ཚོད་ལྟ་ཁང་འཛུགས་སྐྲུན་དང་། ཚད་གཞི་ཁག་28བཟོ་བ། ལྗང་མདོག་བགྲོད་ལམ་གཏོད་པ་བཅས་བརྒྱུད་བལ་དང་ཆུ་བཟང་སོགས“བོད་ཨང་མིང་ཅན”གྱི་ཐོན་རྫས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་བརྒལ་རོགས་བྱས་པ་དང་། ས་གནས་དེ་གའི་ཁེ་ལས་3ལ་AEOཡི་ཁས་ལེན་ཐོབ་པར་སྐུལ་འདེད་བཏང་ཡོད། བོད་ལྗོངས་ཧྲེང་ཤིན་བཟོ་ཚོང་ཚད་ཡོད་ཀུང་སི་ནི་བོད་ལྗོངས་ཀྱི་AEOམཐོ་རིམ་ཁས་ལེན་ཁེ་ལས་དང་པོ་ཡིན་ཞིང་། སྤུས་ལེགས་བལ་གྱི་ཐོན་ཁུངས་ལ་བརྟེན་ནས་2024ལོ་ཁོ་ནར་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་ཁྲི་1218ཟིན་ཡོད།
  2024ལོར། བོད་དུ་ཕྱིར་གཏོང་ནང་འདྲེན་གྱི་གྲུབ་འབྲས་དངོས་ལྡན་པའི་ཁེ་ལས་ཀྱི་གྲངས་འབོར་ཁག་200ལྷག་ཙམ་ཟིན་པ་དང་ཁེ་ལས་ཀྱི་གསོན་ཤུགས་ལྡན་ཚད་16%བར་འཕར་ཡོད། དེའི་ནང་དམངས་གཉེར་ཁེ་ལས་ཀྱིས་བསྡུར་ཚད་བཟུང་ཚད་99%ལས་བརྒལ་ནས་ས་མཐོའི་ཕྱི་ཕྱོགས་ཚོང་དོན་གྱི་སྟོབས་ཤུགས་གསར་པར་གྱུར་ཡོད།
  ལོ་བཞིའི་རིང་། རང་སྐྱོང་ལྗོངས་ཀྱིས་སྔ་རྗེས་སུ《ཕྱི་ཕྱོགས་ཚོང་དོན་འགན་ལེན་བརྟན་པོ་དང་སྤུས་ཚད་མཐོ་རུ་གཏོང་བའི་ལག་བསྟར་ཇུས་གཞི》དང་། 《ཕྱི་ཕྱོགས་ཚོང་དོན་བརྟན་པོ་ཡོང་བའི་བྱ་སྤྱོད་ཀྱི་ཇུས་གཞི》 《ཕྱི་ནང་ཚོང་དོན་གཞི་གཅིག་ཅན་གྱི་སྒོ་ནས་མགྱོགས་མྱུར་འཕེལ་རྒྱས་གཏོང་བའི་བྱེད་ཐབས་འགའ་ཞིག》སོགས་སྲིད་ཇུས་བཅུ་ལྷག་ཙམ་སྔ་རྗེས་སུ་བཏོན་ཡོད།
  བློ་རིག་གི་རམ་འདེགས་ལས་འགག་སྒོ་ཆེན་པོ་ལྔ་ཡིས་མཉམ་དུ་ཤུགས་སྣོན་བརྒྱབ་པ།
  2023ལོའི་ཟླ་11པར། ས་བབ་སྨི་4772ཡོད་པའི་ལེགས་རྩེ་ནས་གནས་ཆུང་བར་གྱི་འགག་སྒོ་དངོས་སུ་ཕྱེ་ནས་རང་ལྗོངས་ཀྱི་སྐམ་ས་ཆེན་པོའི་འགག་སྒོ་ཆེན་པོ་ཨང་བཞི་པར་གྱུར་ཡོད། ད་བར་རང་ལྗོངས་སུ་སྐྱིད་གྲོང་དང་། འགྲམ། སྤུ་ཧྲེང་། ལེགས་རྩེ། ལྷ་ས་གོང་དཀར་གནམ་ཐང་མཁའ་འགྲུལ་འགག་སྒོ་བཅས་འགག་སྒོ་ལྔ་ཡོད་པ་དེས་རང་ལྗོངས་ཀྱི་འགག་སྒོ་འཛུགས་སྐྲུན་མྱུར་ལམ་དུ་སླེབས་པ་མཚོན་གྱི་ཡོད།
  གཉའ་ནང་རྒྱལ་མཚམས་འཛུལ་གྲོལ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་གྲངས་གཞི་ལས་མངོན་པར། ཟླ་11ཚེས་11ཉིན་བར། འགྲམ་འགག་སྒོས་རིམ་རྩིས་བརྒྱབ་ན། རྒྱལ་མཚམས་འཛུལ་གྲོལ་གྱི་འགྲུལ་པ་མི་ཐེངས་361282ལ་ཞིབ་བཤེར་བྱས་པ་དེ་དུས་མཚུངས་ལས་20.16%འཕར་བ་དང་། རྒྱལ་མཚམས་འཛུལ་གྲོལ་བྱེད་མཁན་མི་ཐེངས་ཁྲི་36ལྷག་ཙམ་ཟིན་གྱི་ཡོད་པ་རེད།
  བློ་རིག་ལྟ་འདོམས་ནི“ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་ལྗོངས་ཀྱི་འགག་སྒོ་འཕེལ་རྒྱས་གཏོང་བའི་ཁྲོད་ཀྱི་བཀྲག་མདངས་འཚེར་སའི་གྲས་ཤིག་ཡིན། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་སྐྱིད་གྲོང་འགག་སྒོར“ངོ་གདོང་སྙན་ཞུའི”མ་ལག་སྔོན་ལ་བེད་སྤྱད་པ་དང་། འགྲོ་འོང་བྱེད་མཁན་ཡུལ་མིས་ངོ་གདོང་བཤེར་ཚེ་འགག་སྒོ་སྒྲོལ་ཐུབ་ཀྱི་ཡོད་པ་དང་། གློག་རྡུལ་འཁོར་རྟགས་དང་རིག་ནུས་འགག་སྒོས་རླངས་འཁོར་གྱི་འགག་སྒྲོལ་དུས་ཚོད“སྐར་ཆ་རིམ་པའི”བར་ཐུང་དུ་བཏང་ཡོད། འགྲམ་འགག་སྒོས་ནུས་གསར་རླངས་འཁོར་གྱི“རེ་ཞུ་ཆེད་དོན་སྐར་ཁུང”བཏོད་ནས“སྙན་སེང་ཞུས་མ་ཐག་ཏུ་ཞིབ་བཤེར་བྱེད་པ་དང་སླེབས་མ་ཉིད་དུ་བརྟག་བཤེར”མངོན་འགྱུར་བྱུང་ཡོད།
  ཟླ་དང་པོ་ནས་བཅུ་པའི་བར། ནུས་གསར་རླངས་འཁོར་4676ཕྱིར་གཏོང་བྱས་པར་ལྟ་འདོམས་བྱས་པ་དང་ཚོང་དོན་རིན་ཐང་སྒོར་དུང་ཕྱུར་5.01ཟིན་ནས་27.13%དང་11.33%སོ་སོར་འཕར་ཏེ་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད།
  ལེཌ་རྩེ་འགག་སྒོ་ཤར་གཏོང་ཐུབ་ནས་ལོ་གཉིས་སོང་རྗེས། ལུག་8000ལྷག་ཙམ་ཕྱིར་གཏོང་བྱེད་པར་ལྟ་འདོམས་བྱས་པ་དང་། རྒྱུན་མཁོའི་དངོས་ཟོག་དང་ནུས་གསར་རླངས་འཁོར་སོགས་ཚོང་ཟོག་ཕྱིར་གཏོང་རིན་ཐང་སྒོར་དུང་ཕྱུར་4ལས་བརྒལ་བ། ཉེ་འཁོར་གྱི་ཡུལ་མི་500ལྷག་ཙམ་འདོན་འཇུག་དང་སྐྱེལ་འདྲེན་ལ་ཞུགས་པར་མི་རེའི་ཆ་སྙོམས་ཟླ་རེའི་ཡོང་འབབ་སྒོར་4000ལྷག་ཙམ་འཕར་བ་དང“ལམ་རྒྱུད་དཔལ་འབྱོར”དེ“ས་ཚུགས་དཔལ་འབྱོར”ལ་རིམ་འཕར་བྱུང་བ་རེད།
  ཕྱོགས་མང་སྲུང་སྐྱོང་ལས་ཕྱི་ཕྱོགས་ཚོང་དོན་གྱི་མི་མངོན་པའི་སྟོབས་ཤུགས་འཕེལ་བ།
  “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག རང་ལྗོངས་ཀྱིས་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དང་མཐའ་མཚམས་འགག་སྒོར་བརྟེན་ནས་ལས་རྣམ་གསར་པ་གསོ་སྐྱོང་དང་། བྱེད་པོ་གསར་པ་འཕེལ་རྒྱས། བགྲོད་ལམ་གསར་པ་སྒོ་དབྱེ་བཅས་བྱས་ཏེ། ཕྱི་ཕྱོགས་ཚོང་དོན་གྱི་གཞི་ཁྱོན་དང་། ལས་རྣམ། རྣམ་པ་བཅས་ཕྱོགས་ཡོངས་ནས་རིམ་སྤོར་བྱུང་ཡོད།
  2024ལོའི་ཟླ་6ཚེས་27ཉིན། ཀྲུང་གོ(ལྷ་ས)ས་ཁོངས་བརྒལ་བའི་དྲ་ཐོག་ཚོང་དོན་ཕྱོགས་བསྡུས་ཚོད་ལྟའི་ཁུལ་གྱི“9810”ལས་སྒོ་དངོས་སུ་ཤར་གཏོང་ཐུབ་པ་རེད། 2024ལོར་བོད་ཀྱི་ས་ཁོངས་བརྒལ་བའི་དྲ་ཐོག་ཚོང་དོན་B2Bཐད་ཀར་ཕྱིར་གཏོང་དང་དེ་བཞིན་ས་ཁོངས་བརྒལ་བའི་དྲ་ཐོག་ཚོང་དོན་གྱི་རྒྱལ་ཕྱིའི་མཛོད་ཁང་གི་ཕྱིར་གཏོང་ལས་སྒོའི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་16ལས་བརྒལ་ཏེ། ས་མཐོའི་ཁྱད་ལྡན་ཐོན་རྫས་རྒྱལ་ཕྱིའི་འཛད་སྤྱོད་པར་ཐད་ཀར་འབྱོར་བའི་མྱུར་ལམ་བཏོད་ཡོད།
  “ལོ་ལྔ་ཚན་བཅུ་བཞི་པའི”རིང་། དངུལ་རྩས་ཀྱང་རང་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ནུས་པ་གལ་ཆེན་འདོན་གྱི་ཡོད། རང་སྐྱོང་ལྗོངས་ཀྱིས“སྲིད་གཞུང་། དངུལ་ཁང་། ཁག་ཐེག”བཅས་ཀྱི་མཉམ་ལས་ལམ་སྲོལ་བཟོས་ཤིང་། ཀྲུང་གོ་ཕྱིར་གཏོང་ཡིད་རྟོན་འགན་བཅོལ་ཀུང་སིའི་སི་ཁྲོན་ཡན་ལག་ཀུང་སི་དང་འཐབ་ཇུས་ཀྱི་གྲོས་མཐུན་བཞག་ནས་རིམ་རྩིས་བརྒྱབ་ན་ཁེ་ལས་17ལ་ཕྱིར་གཏོང་ཡིད་རྟོན་འགན་བཅོལ་ཨ་སྒོར་ཁྲི་981མཁོ་འདོན་བྱས་ཏེ། ལྗོངས་ཡོངས་ཀྱི་ཡིད་རྟོན་འགན་བཅོལ་འཛིན་ཡིག་ཐོག་མ་དེས་མ་དངུལ་བསྡུ་སྒྲིལ་བྱ་རྒྱུར་སྐུལ་འདེད་བཏང་ཡོད། དངུལ་རྩའི་སྒྲིག་གཞིས་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ལ་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར་3ཙམ་སྤྲད་པས། ཁེ་ལས་འབྲིང་ཆུང་ཕྲན་གྱི་མ་དངུལ་བསྡུ་སྒྲིལ་གྱི་དཀའ་གནད་ནུས་ལྡན་ངང་བསལ་ཡོད།