ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

མི་སེར་ཕྱུག མཐའ་མཚམས་སྐྱིད། མཐའ་སྲུང་བརྟན།

སྤེལ་དུས 2025-12-12 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
——“ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་ལྗོངས་ཀྱི་མཐའ་སྟོབས་མཐའ་བརྟན་ལས་དོན་སྐོར་གྱི་སྒྲིལ་གླེང་།
  “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་ལྗོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་ལེན་གཏིང་ཟབ་བསྟར་ཏེ། “དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་མཉམ་འཛིན་དང་། མཐའ་བརྟན་དང་མཐའ་དར་གལ་ཆེ་མཉམ་འཛིན་མཐའ་འཁྱོངས། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ་མཐའ་སྲུང་སྲ་བརྟན་དང་། མཐའ་མཚམས་བདེ་འཇགས། མཐའ་མཚམས་ཡུལ་མི་བདེ་སྐྱིད་ལྡན་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་གསར་པ་བཏོད་ཡོད།
  རྨང་གཞིའི་སྒྲིག་བཀོད་རིམ་སྤོར་བྱས། མཐའ་མཚམས་ཡུལ་རྣམ་གསར་པ་མངོན།
  མངའ་རིས་ས་ཁུལ་སྒར་རྫོང་བདེ་མཆོག་གྲོང་ཚོར“མཐའ་སྲུང་མཐའ་བརྟན་གྱི་གྲོང་ཚོ་དང་པོ”ཞེས་འབོད་སྲོལ་ཡོད་ཅིང་། ལོ་ཤས་རིང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་བརྒྱུད་མཐའ་མཚམས་གྲོང་ཚོ་དེ་ཉིད་རང་ལྗོངས་ཀྱི་མཐའ་དར་དམངས་ཕྱུག་གི་གསོན་ཉམས་ལྡན་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད།
  མཐོ་ས་ནས་བདེ་མཆོག་གྲོང་ཚོར་བལྟས་ཚེ། མི་རྣམས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོག་པ་ནི་དེ་སྔའི་རྡོ་རྩིག་ཁང་པའི་ཚབ་ཏུ་བསྐྲུན་པའི་རྒྱ་ཆེ་ཞིང་དཀར་ཆ་དོད་པའི་ཐོག་སོ་གཉིས་ལྡན་གྱི་སྡོད་ཁང་གསར་པ་དེ་དག་རེད། གྲོང་མིའི་ཁྱིམ་དུ་སྐྱོད་སྐབས། ཆུ་དང་། གློག དྲ་རྒྱ་བཅས་ཤར་གཏོང་ཐུབ་པའི་ཁར་འཛིན་ཆས་དང་ཁྱིམ་སྤྱོད་གློག་ཆས་གང་དགོས་ཅི་འཛོམས་ཡོད་པ་རེད། “སྔོན་མ་འཚོ་བའི་འཁོས་ཀ་ཧ་ཆང་ཞན་པོ་ཡོད། ད་ཆ་སྲིད་ཇུས་ཡག་ཏུ་སོང་བས་ང་ཚོ་ཚང་མ་སྒོ་ར་རང་འགྲིག་གི་ཁང་པར་སྤོ་རྒྱུ་བྱུང་སོང”ཞེས་ཡུལ་མི་དབང་གྲགས་ཀྱིས་མྱོང་ཚོར་ཟབ་མོས་བཤད་པ་དང་། དེ་ནི་མཐའ་མཚམས་མང་ཚོགས་མང་ཆེ་བའི་སེམས་གཏིང་གི་སྐད་ཆ་རེད།
  འདི་ལྟ་བུའི་འཕོ་འགྱུར་ནི་དཔེ་གཅིག་གིས་བགྲང་ག་ལ་ཚར། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་དུ་རྒྱལ་ཁབ་གློག་དྲའི་ཆན་ཧྥུའུ་10ཟིན་པའི་གློག་སྐུད་མཐུད་པ་དང་། མ་དངུལ་སྒོར་དུང་ཕྱུར་5ལྷག་ཙམ་བཏང་བའི་ཆོས་ཡུལ་སྣུམ་ནག་ལམ་བསྐྱར་སྐྲུན་ཟིན་པ་དང་བསྟུན་ནས། ཡུལ་དེ་གའི་མང་ཚོགས་ལ་བདེ་འཇགས་ལྡན་ལ་བརྟན་པའི་གློག་སྤྱོད་རྒྱུ་བྱུང་ཞིང་། ཁ་བ་ཆེན་པོ་བབས་ཀྱང་རི་རྒྱ་བསྡམས་པ་དང་འགྲོ་ལམ་འགགས་པར་སེམས་ཁྲལ་བྱེད་དགོས་མེད།
  “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། ལྗིད་ཏིག་ཏིག་གི་གྲངས་གཞི་ཁག་ལས་འགྱུར་ལྡོག་ལ་བདེན་དཔང་བྱེད་ཐུབ་པ་སྟེ། བོད་ཀྱི་མཐའ་མཚམས་རྫོང་ཚང་མར་སྣུམ་ནག་ལམ་ཤར་གཏོང་ཐུབ་པ་དང་། མཐའ་མཚམས་ཤང་དང་གྲོང་རྡལ་དང་དེ་བཞིན་སྒྲིག་ཚུད་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ། གློག་དྲ་གཙོ་བོ་མཐའ་མཚམས་ཤང་དང་གྲོང་རྡལ་ཚང་མར་འཁྲིད་པ། དྲ་ཆེན་དང་4Gབརྡ་རྟགས་ཁྱབ་ཚད་100%ཟིན་ཡོད། མཐའ་མཚམས་རྫོང་གྲོང་21ལ་སྤྱི་པའི་ཆུ་མཁོ་འདོན་བྱེད་ཚད་84.5%ཟིན་པ་དང་། གྲོང་ཚོ་ཚང་མར་སྦྲག་སྲིད་ཤར་གཏོང་ཐུབ་པ་དང་གྲོང་གསེབ་མི་འབོར་གྱི་འཐུང་ཆུའི་བདེ་འཇགས་ལ་འགན་སྲུང་ཐུབ་པ། མཐའ་མཚམས་ས་ཁུལ་གྱི་ཤང་གྲོང་འཕྲོད་བསྟེན་ཁང་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ཚང་མ་ལེགས་གྲུབ་བྱུང་བ། འོས་འགན་སློབ་གསོ་བརྟན་དུ་གཏོང་ཚད་95%ལས་བརྒལ་བ་སོགས་རང་ལྗོངས་ཀྱིས་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་དོན་འཁྱོལ་བྱས་ཏེ་མང་ཚོགས་ལ་གྲུབ་འབྲས་གཟེངས་སུ་ཐོན་པའི་རྒྱུགས་ལན་ཞིག་ཕུལ་ཡོད།
  ཁྱད་ལྡན་ཐོན་ལས་དབྱར་མཚོ་རྒྱས། མང་ཚོགས་འབབ་འཕར་ཐབས་ལམ་ཡངས།
  ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་གིས་ལྗང་མདོག་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་སྤུས་ལེགས་ཀྱི་ཁམ་བུ་སྨི་ཧོའུ་འདེབས་འཛུགས་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བས། ཁམ་བུ་སྨི་ཧོའུ་ཡི་ཐོན་ལས་ཀྱང་ཀུན་གྱིས་ཤེས་པར་གྱུར་ཡོད། མིག་སྔར། རྫ་ཡུལ་རྫོང་གི་ཁམ་བུ་སྨི་ཧོའུ་འདེབས་འཛུགས་ར་བའི་རྒྱ་ཁྱོན་མུའུ་3000ལྷག་ཙམ་ཟིན་པ་དང་2024ལོར་ཁམ་བུ་སྨི་ཧོའུ་ཁོ་ནའི་ཐོན་འབབ་རིན་ཐང་སྒོར་ཁྲི་2700ལས་བརྒལ་བར་ས་གནས་དེ་གའི་མང་ཚོགས་2000ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།
  ཐོན་ལས་དར་རྒྱས་བྱུང་བ་དེས་མཐའ་མཚམས་ཡུལ་སྐོར་གྱི་གསོན་ཤུགས་ཀྱང་འཕེལ་ཞིང་། མེ་ཏོག་རྫོང་གི་མང་ཚོགས་ཀྱིས་དམངས་སྲོལ་གནས་ཚང་ལ་མ་འཇོག་དང་། ཁྱད་ལྡན་བཟའ་བཏུང་གཉེར་བ། ཞིང་ཞོར་ཐོན་རྫས་འཚོང་བ་སོགས་ཐབས་ལམ་སྣ་ཚོགས་ལས་ཡུལ་སྐོར་གྱི་ཡོང་འབབ་གསོག་བཞིན་ཡོད། གྲངས་གཞི་ལས་མངོན་པར། 2024ལོ་ཁོ་ནར་མེ་ཏོག་ལ་ཡོང་མཁན་ཡུལ་སྐོར་བ་མི་ཐེངས་ཁྲི་60ཟིན་པ་དེ་ནི་རྫོང་དེའི་མི་འབོར་གྱི་ལྡབ་40ལྷག་ཙམ་ཡིན་པ་རེད།
  འདི་ལོའི་ལོ་སྟོད་དུ་བོད་ཀྱི་མཐའ་མཚམས་ཀྱི་འབོར་ཉུང་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་17.9ཟིན་ནས་13.2%འཕར་བར་མཐའ་མཚམས་མང་ཚོགས་ཀྱི་ཚོང་འབྲེལ་ཉོ་ཚོང་སྒོར་ཁྲི་1428ཟིན་ཡོད་པ་རེད།
  “ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ཀྱིས་མཐའ་མཚམས་ས་ཁུལ་གྱི་ཐོན་ཁུངས་ལེགས་ཆར་གཞི་ཚུགས་ནས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་དང་། སྐྱེ་ཁམས་རིག་གནས་ཡུལ་སྐོར། ནུས་རྒྱུ་གཙང་མ་སོགས་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་ཚགས་ཚུད་བྱས་ཡོད། ད་ཆ་རང་ལྗོངས་ཀྱི་མཐའ་མཚམས་ས་ཁུལ་གྱི་ས་ཆ་མང་ཆེ་བར་དམངས་ཕྱུག་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་། གམ་པའི་ར་ནག་དང་། སྒར་གྱི་སྔོ་ཚལ། གྲོ་མོའི་ཉ་སོགས་ཞིང་ཞོར་ཐོན་རྫས་ཀྱི་སྐད་གྲགས་ཆེ་རུ་ཕྱིན་ནས་མཐའ་མཚམས་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་སྒོ་མོ་འབྱེད་པའི“གསེར་གྱི་ལྡེ་མིག”ལྟ་བུར་གྱུར་ཡོད།
  དམངས་འཚོ་འགན་སྲུང་སྲ་ཞིང་བརྟན། རྒྱལ་གཅེས་མཐའ་སྲུང་ཆོད་སེམས་ཆེ།
  མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལས་མང་ཚོགས་ཀྱི་སེམས་པ་ལྷོད་ལ་བབས་པ་དང་། ཁྱད་ལྡན་ཐོན་ལས་དར་རྒྱས་བྱུང་བ་ལས་མང་ཚོགས་ལ་འབབ་འཕར་བྱུང་ཡོད། ཟིལ་རླབས་དགུང་འཕྱུར་གྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི་བྱ་སྤྱོད་ཁྲོད། རང་ལྗོངས་སུ་མཐའ་མཚམས་ཡུལ་མིའི་འཚོ་བར་འགན་སྲུང་ཡོད་པ་དང་། ཕྱུག་འགྱུར་ལ་ཐབས་ལམ་ཡོད་པ། མཐའ་སྲུང་ལ་སྒུལ་ཤུགས་ཡོད་པ། འཕེལ་རྒྱས་ལ་འདེགས་སྐྱོར་ཡོད་པ་བཅས་ཀྱི་རྣམ་པ་གསར་པ་རིམ་གྱིས་ཆགས་བཞིན་ཡོད།
  ཀྲུང་གོའི་དམར་མདངས་ཀྱི་ཚོས་གཞི་དེ་མཐའ་མཚམས་ཀྱི་འཐབ་ས་དང་པོར་ལྷག་པར་མངོན་ཞིང་། རླངས་འཁོར་ལ་བསྡད་དེ་རང་ལྗོངས་ཀྱི་ལོ་རྒྱུས་ཐུང་ཤོས་ཡིན་པའི་མཐའ་མཚམས་སྲིད་འཛིན་གྲོང་ཚོ་སྟེ། ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ལ་རྒྱབ་ཤང་རྒྱལ་ལ་ཕུག་གྲོང་ཚོར་སྐྱོད་སྐབས་རྒྱང་རིང་པོ་ནས་མཆོད་ཀོང་ལའི་བྲག་རྡོ་ཆེན་པོའི་ཐོག་བརྐོས་པའི“ཀྲུང་གོ”ཞེས་པའི་ཡིག་འབྲུ་གཉིས་དང་། ཡུལ་མིའི་སྡོད་ཁང་གི་ཐོག་ཁར་ལྷབ་ལྷུབ་ཏུ་གཡོ་བའི་སྐར་ལྔའི་དར་དམར། དེ་བཞིན“བླ་ན་མེད་པའི་རྒྱབ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བྱེད་དགོས”ཞེས་པའི་སྦྱར་ཡིག་ཆེན་པོ་བཅས་མཐོང་ཐུབ་ཅིང་། དེ་ཚོ་ཚང་མ་མུ་ལ་མུ་འཁྱུད་ཀྱི་རི་བོའི་ཁྲོད་བཀྲག་མདངས་འཚེར་བཞིན་མཆིས།
  2016ལོར། རྒྱལ་ལ་ཕུག་གྲོང་ཚོ་དེ་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་ནང་བཅུག་པ་དང་། ལོ་གཉིས་སོང་རྗེས། རྒྱལ་ལ་ཕུག་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་དངོས་སུ་བསྐྲུན་ཟིན་པ་རེད། དང་ཐོག་སྒྲིག་ཁོངས་སུ་འཇུག་སྐབས་དེ་ནི་དུང་ཚང་10དང་མི་23ལས་མེད་པའི་སྲིད་འཛིན་གྲོང་ཚོ་ཞིག་ཡིན་པ་དང་། ལོ་བཅུ་མ་སོང་བར། ཆུ་དང་། གློག འཕྲིན་གཏོང་། སྡོད་ཁང་ཡག་པོ་བཅས་མེད་པའི་ལོ་རྒྱུས་ཡོངས་སུ་མཇུག་འགྲིལ་བ་རེད།
  ཇོ་མོ་གླང་མའི་རི་འདབས་སུ་གནས་པའི་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་རོང་ཤར་ཤང་དུ་འབྱོར་སྐབས། ས་ཆ་དེ་གའི་རྒྱལ་གཅེས་མཐའ་སྲུང་གི་གཏམ་རྒྱུད་ཀྱང་མི་སེམས་འགུལ་བ་ཞིག་ཡོད། ས་གནས་དེ་གའི་མང་ཚོགས་ཀྱིས་རང་འགུལ་ངང་མཐའ་སྐོར་མཐའ་སྲུང་གི་འགན་འཁྲི་ཕྲག་ཏུ་ཁུར་ཏེ། བདེ་སྐྱོང་མཉམ་འགོག་དང་ནགས་སྲུང་སོགས་ཀྱི་རུ་ཁག་མང་པོ་སྒྲིག་འཛུགས་བྱས་པས། ཏང་སྲིད་དམག་ཉེན་དམངས་བཅས“ཕྱོགས་ལྔ་གཞི་གཅིག”གི་ལས་ཀའི་ལམ་སྲོལ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ལོ་50ལ་སླེབས་པའི་རོང་ཤར་ཤང་བྲིན་ཐང་གྲོང་ཚོའི་ཡུལ་མི་སྐལ་བཟང་ཚེ་རིང་གིས“འཚོ་བ་སྐྱིད་པོ་འདི་འདྲ་སྐྱེལ་རྒྱུ་བྱུང་བ་ནི་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་ཡིན། མེས་རྒྱལ་གྱི་མཐའ་མཚམས་ཡག་པོ་སྲུང་བ་ནི་ང་ཚོས་དྲིན་ལན་འཇལ་ཐབས་ཡག་ཤོས་དེ་ཡིན”ཞེས་བཤད།
  གསར་འགོད་པར་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་དམག་དཔུང་དང་ས་གནས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི“མཉམ་ལྔ་བརྟན་ལྔ”ཆ་སྒྲིག་མཉམ་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མི་རིགས་མཐུན་སྒྲིག་ཡར་ཐོན་གྱི་དཔེ་བཟང་བར་ཁྱམས་འཛུགས་སྐྲུན་ལ་ཤུགས་སྣོན། “རྒྱལ་གཅེས་ཀྱི་མཐའ་སྲུང་བ་ཡག་ཤོས”འདེམས་གཏོད་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། “བླ་ན་མེད་པའི་རྒྱབ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བྱེད་པའི་མི་རིགས་ཁག་གི་མང་ཚོགས་ཀྱི་ཧུར་སེམས་སྔར་བས་ཆེ་རུ་ཕྱིན་ཡོད།